ཧུ་ཅིན་ཐའོ་སོཊ་འགོ་ཁྲིད་ཁ་ཤས་འཛིན་བཟུང་བཀའ་རྒྱ་བཏང་འདུག
2014.02.25
སི་པན་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐའོ་གཙོ་བའི་འགོ་ཁྲིད་ཁ་ཤས་འཛིན་བཟུང་བྱེད་དགོས་བཀའ་རྒྱ་བཏང་འདུག
དེ་ཡང་སྤྱི་ཟླ྄་༢པའི་ཚེས་༢༥ཉིན་སི་པེན་གྱི་Agencia EFE.ཟེར་བའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སི་པེན་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་དང་། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་གིས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱས་བའི་ནག་ཉེས་འོག་འཇུ་བཟུང་བཙོན་འཇུག་བྱེད་རྒྱུའི་བཀའ་ཁྱབ་བཏང་ཡོད་པ་དང་། ད་རེས་སི་པེན་གྱི་ཁྲིམས་དཔོན་Ismael Moreno ཡིས་བཀའ་ཁྱབ་དེ་དང་མཉམ་རྒྱ་ནག་གི་དཔོན་རིགས་དེ་ཚོར་ཁྲིམས་ཆད་དེའི་སྐོར་གྱི་དྲི་བ་ཁག་༤༨ཙམ་ལ་ལན་འདེབས་དགོས་པའི་བཀའ་ཁྱབ་ཡང་བཏང་ཡོད་པ་རེད་འདུག
སི་པེན་ཁྲིམས་ཁང་གི་བཀའ་ཁྱབ་དེ་ནི་དེ་སྔོན་བཙན་བྱོལ་བོད་མིའི་ཚོགས་པ་ཁག་གཉིས་དང་། དེ་བཞིན་སི་པེན་རྒྱལ་ཁབ་ཀྱི་མི་སེར་བོད་མི་དགེ་འདུན་པ་ཐུབ་བསྟན་དབང་ཆེན་ལགས་བཅས་ནས་ཧུ་ཅིན་ཐའོ་ཡིས་དེ་སྔ་སྤྱི་ལོ་༡༩༨༨ནས་༡༩༩༢བར་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་གནང་བའི་སྐབས་བོད་མིའི་ཐོག་དྲག་གནོན་བྱས་བའི་ཞུ་གཏུགས་དང་འབྲེལ་བ་ཡོད་པ་དང་། གོང་བརྗོད་དྲི་བ་ཁག་གི་ནང་དེའི་སྐབས་བོད་ནང་དམ་དྲག་གི་ཁྲིམས་གཞིའི་འོག་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པ་སོགས་ཀྱིས་བོད་མི་༤༥༠ཙམ་དམར་བསད་བཏང་བ་དང༌། མི་གྲངས་༧༠༠༠ཙམ་ལ་སྨས་སྐྱོན། མི་གྲངས་༣༥༠ཙམ་གར་སོང་ཆ་མེད་གྱུར་པ། མི་གྲངས་༣༠༠༠་ལྷག་ཙམ་བཀག་ཉར་བྱས་པའི་སྐོར་ཁྱེད་རང་གིས་ཤེས་རྟོགས་ཡོད་དམ་ཟེར་བ་སོགས་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱས་བ་དང་འབྲེལ་བའི་དྲི་བ་འདྲ་མིན་བཏང་ཡོད་པའི་སྐོར་འཁོད་འདུག
ཉེ་སྔོན་ཟླ་བ་འདིའི་འགོ་སྟོད་དུ་སི་པེན་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་དང་། ཅང་ཙེ་མིན་གཙོས་པའི་རྒྱ་ནག་གི་དཔོན་རིགས་ལྔ་ལ་བོད་ནང་མི་རིགས་རྩ་མེད་་བཟོ་ཐབས་ཀྱི་སྲིད་ཇུས་སྤེལ་ནས་མནར་གཅོད་བཏང་བ་སོགས་ཀྱི་བཙུགས་ཀྱིས་རྒྱལ་སྤྱིའི་ཉེན་རྟོག་ཚན་པར་འཇུ་བཟུང་བྱེད་དགོས་པའི་བཀའ་ཁྱབ་ཡང་བཏང་ཡོད་པ་རེད།
གསར་འགོད་པ་ཚེ་དབང་ནོར་བུ་དང་བསྟན་ནོར།