གྲོས་ཚོགས་ནང་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་གླེང་སློང་།


2014.02.07
Scottlandགྲོས་ཚོགས་ཀྱི་འཐུས་མི་ལྕམ་Maureen Wattམཆོག པར། བོད་མིའི་སྒྲིག་འཛུགས།
Photo: RFA

Scottlandགྲོས་ཚོགས་ཀྱི་འཐུས་མི་ལྕམ་Maureen Wattམཆོག་གིས་གྲོས་ཚོགས་ནང་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་གླེང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། Scottlandགྲོས་ཚོགས་ཀྱི་འཐུས་མི་ལྕམ་Maureen Watt མཆོག་གིས་སྤྱི་ཟླ་གཉིས་པའི་ཚེས་༤ཉིན་ཁོང་ཚོའི་གྲོས་ཚོགས་ནང་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དམ་བསྒྲགས་ཀྱི་སྲིད་ཇུས་ངོ་སྤྲོད་གནང་སྟེ་བོད་ནང་གི་ཡ་ང་བའི་གནས་སྟངས་སེལ་རྒྱུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག སྐབས་དེར་འདས་པའི་ལོ་ལྔའི་ནང་དུ་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་ནས་མང་ཆེ་བ་འདས་གྲོངས་སུ་ཕྱིན་ཟིན་པའི་འབྱུང་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དམ་བསྒྲགས་ཀྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཡིན་ཞིང། ད་དུང་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་བཏང་མཁན་ཚོའི་ནང་མི་དང་བཟའ་ཟླ། སྤུན་མཆེད་སོགས་ཉེ་འབྲེལ་རྣམས་ལ་འཇིགས་སྐུལ་དང་། ལྐོག་ངན་སྤྲད་པ་བརྒྱུད་རང་ལུས་མེརབསྲེགས་ཀྱི་དོན་རྐྱེན་ཕྱི་ཕྱོགས་སུ་བཤད་མི་ཆོག་པ་སོགས་འཇམ་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་པའི་ཁར་རང་ལུས་མེ་བསྲེགས་གཏོང་མཁན་ཚོའི་ཕུང་པོ་བདག་ཉར་དང་བསྔོ་སྨོན་བྱེད་མཁན་དགོན་པ་ཁག་ལའང་སྒོ་རྒྱབ་རྒྱུའི་འཇིགས་སྐུལ་བྱས་པའི་གནས་ཚུལ་བྱུང་ཡོད། བོད་ནང་དུ་རང་ལུས་མེར་བསྲེགས་དོན་རྐྱེན་མུ་མཐུད་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་། སྐད་ཡིག་སྲུང་སྐྱོབ་ལ་དམ་བསྒྲགས་བྱས་པའི་ཁར་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་གཏོང་བ། རྒྱ་མི་རིགས་མང་པོ་བོད་དུ་གནས་སྤོ་བྱེད་པའི་རྐྱེན་གྱིས་བོད་མི་ཚོ་རང་གི་ལུང་པའི་ནང་ལས་ཀའི་ཐོབ་ཐང་མ་རགས་པ་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་བོད་མི་རྣམས་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་འཁོན་འཛིན་རྣམ་པ་ཇེ་ཆེར་སོང་པ་ཞིག་ཡིན་པ་རེད། དེར་བརྟེན་གྲོས་ཚོགས་ཀྱིས་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཡོང་བ་དང། བོད་ནང་རང་ལུས་མེ་བསྲེགས་ཀྱི་ཛ་དྲག་གི་དཀའ་ངལ་སེལ་ཐབས་ཀྱི་རོགས་རམ་ཡོང་བའི་ཞུ་སྙན་འབུལ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎