འཛམ་གླིང་དཔོན་རིགས་མང་པོས་རྒྱ་ནག་ལ་དགོས་འདུན།
2020.05.15
འཛམ་གླིང་དཔོན་རིགས་མང་པོས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པའི་རྒྱ་ནག་གཞུང་ལ་དགོས་འདུན་འདོན་བཞིན་པའི་ཁྲོད། སུད་སི་གྲོས་ཚོགས་འཐུས་མི་ ༡༥ ཡིས་མཉམ་ཞུགས་གནང་ཞིང་། སུད་སི་གྲོས་ཚོགས་འཐུས་མི་ ནི་ཀོ་ལཱས་ ཝལ་ཌར་ ༼Nicolas Walder༽ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་དེ་རྒྱ་ནག་ལ་ཡོད་མ་རེད་ཅེས་དང་། བོད་ཀྱི་གནད་དོན་འདི་རྒྱལ་ཚོགས་ཀྱི་གྲོས་གཞི་གལ་ཆེ་ཤོས་ཁོངས་སུ་འཇོག་དགོས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་པ་རེད། དེ་དང་འབྲེལ་བའི་གནས་ཚུལ་རྒྱས་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་གནང་བ་ཞིག་དང་།
ཡང་རྒྱ་ནག་གཞུང་གིས་༸ཀུནགཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་བཏང་ནས་མི་ལོ་༢༥འཁོར་བའི་རིང་རྒྱ་ནག་རང་ཉིད་ཀྱི་དགོས་མཁོ་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཡོད་པའི་ཆོས་ཕྱོགས་ཀྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་གོམས་སྲོལ་དེར་བརྩི་མེད་གཏོང་ཐབས་སུ་ཁྲིམས་དང་སྒྲིག་གཞི་མང་པོ་ཞིག་བཟོ་དགོས་པའི་རྒྱུ་མཚན་ཇི་ཡིན་སོགས་ཀྱི་ཐད་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཚོགས་མི་བསྟན་འཛིན་རྡོ་རྗེ་ལགས་དང་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེ་མཆོག་ལ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིགས་ཞུས་པ་བཅས་གསན་རོགས་གནང་།