ཞི་ཅིན་ཕིང་གློ་བུར་མཚོ་སྔོན་དུ་ཡོང་སྟེ་བོད་ཀྱི་དགོན་པ་དང་སློབ་གྲྭའི་ནང་རྒྱ་སྒྱུར་སློབ་གསོའི་སྐོར་ལ་བརྟག་ཞིབ་བྱས་ཡོད་འདུག

ཕྱི་ཟླ་ ༦ ཚེས་ ༡༨ ཉིན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གློ་བུར་དུ་མཚོ་སྔོན་ཞིང་ཆེན་ཟེར་བའི་ནང་ཆེད་སྐྱོད་བྱས་ཏེ་བོད་ཀྱི་དགོན་པ་དང་སློབ་གྲྭ་སོགས་སུ་ལྟ་སྐོར་གྱིས་བོད་བརྒྱུད་ནང་བསྟན་རྒྱ་སྒྱུར་ལས་དོན་དང་། ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་སློབ་གསོའི་ནུས་པར་བརྟག་ཞིབ་བྱས་ཡོད་སྐོར་སོགས་བཀོད་འདུག་ལ། ཞི་ཅིན་ཕིང་གློ་བུར་མཚོ་སྔོན་ཟི་ལིང་དུ་ཡོང་སྟེ་དམིགས་བསལ་བོད་ཀྱི་དགོན་པ་དང་སློབ་གྲྭ་ཁག་ལ་ལྟ་སྐོར་དུ་སྐྱོད་པ་དེ་ནི་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་བོད་ནང་རྒྱ་སྒྱུར་སློབ་གསོ་ཤུགས་ཆེར་སྤེལ་བཞིན་པའི་ཐད་ངོ་རྒོལ་གླེང་སློང་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་བརྟེན་། བོད་མི་ཚོར་མགོ་གནོན་ཐབས་ཤིག་ཆགས་ཀྱི་ཡོད་པ་བོད་དོན་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་ནང་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༦ ཚེས་ ༡༧ ནས་ ༡༨ བར་ཉིན་གཉིས་རིང་གློ་བུར་དུ་བོད་མདོ་སྨད་ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་ཡོངས་རྫོགས་བཀག་སྡོམ་དང་། ཚང་མས་དོན་དག་གལ་ཆེན་ག་རེ་བྱུང་བ་ཡིན་ན་བསམ་ནས་སེམས་འཁྲལ་བྱེད་ཀྱི་འདུག་ཅེས་དང་། ཕྱི་ཚེས་ ༡༩ ཉིན་ལྷོ་རི་ལམ་གྱི་ལྷོའི་སྲང་ལམ་ཆེ་བའི་རླངས་འཁོར་འཇོག་ས་སོགས་ཀྱི་བཀག་རྡོ་གཙང་བཟོ་བྱས་སོང་ལ། དེ་རིང་གི་གསར་འགྱུར་ལས་ང་ཚོས་གཞི་ནས་ཞི་ཅིན་ཕིང་ཨ་མདོ་ཟི་ལིང་དུ་གཟིགས་སྐོར་ལ་ཕེབས་པ་ཤེས་རྟོགས་བྱུང་ཞེས་བརྗོད་བྱུང་།
ཡང་ཟི་ལིང་གྲོང་ཁྱེར་ནང་གནས་སྡོད་བོད་མི་གཞན་ཞིག་གིས་འདས་པའི་ཉིན་ཤས་རིང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དུ་ཕྱི་ལོགས་ནས་ཟས་རིགས་མངག་ཉོ་བྱེད་ཆོག་གི་མེད་པ་དང་། ཙོང་ཁ་དགོན་ནམ་ཨ་ལགས་སྒར་བའི་ཉེ་འགྲམ་གྱི་རྒྱ་གྲམ་དམར་པོའི་སྨན་ཁང་གི་སྒེའུ་ཁུང་ཡང་ཕྱེ་ཆོག་གི་མེད་པ་བརྗོད་བྱུང་ཞེས་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་ཕྱི་ཚེས་ ༡༨ ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནང་ཡོད་པའི་ཙོང་ཁ་དགོན་པ་དང་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནང་གཟིགས་སྐོར་བྱས་པའི་སྐོར་བཀོད་ནས། ཞི་ཅིན་ཕིང་གིས་ས་གནས་ཀྱིས་ནུབ་ཁུལ་ཏེ་གྲངས་ཉུང་མི་རིགས་ས་ཁུལ་དང་ཤར་ཁུལ་ཏེ་རྒྱ་ནག་ནང་ལོགས་ཀྱི་ས་ཁུལ་གཉིས་བར་སློབ་གསོ་ཁ་གཏད་རོགས་སྐྱོར་སྐུལ་སྤེལ་གྱི་གནས་སྟངས་རྒྱུས་ལོན་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་འདུས་འདུ་ཤེས་སློབ་གསོར་ཤུགས་སྣོན་གསལ་འདེབས་བྱས་ཡོད་ཚུལ་བཀོད་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཞི་ཅིན་ཕིང་མཚོ་སྔོན་དུ་ཡོང་སྟེ། ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་ཙོང་ཁ་དགོན་སོགས་སུ་ལྟ་སྐོར་བྱས་ཡོད་པ་དང་། ལྟ་སྐོར་དེའི་དམིགས་ཡུལ་གཙོ་བོ་ནི། ཡུལ་དངོས་སུ་ཆེད་དུ་ལྟ་སྐོར་དང་འབྲེལ་རྒྱ་ནག་གི་སློབ་གསོའི་ལས་དོན་གྱི་ཤར་ནུབ་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར། དེ་བཞིན་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་སློབ་གསོར་ཤུགས་སྣོན་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཆེད་ཡིན་པ་བཀོད་འདུག་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས།ཐེངས་འདིར་ཞི་ཅིན་ཕིང་གིས་གློ་བུར་ལྟ་སྐོར་དེས། རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་མི་རིགས་དང་རིག་གཞུང་སྐད་ཡིག་བཅས་པ་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་ཁྲེགས་འཛིན་བྱ་རྒྱུའི་སྔོན་བརྡ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག

ཐེངས་འདིར་ཞི་ཅིན་ཕིང་མཚོ་སྔོན་དུ་ཡོང་སྟེ་བོད་ཀྱི་ས་གནས་སུ་ལྟ་སྐོར་བྱས་པ་དེ། ཁོང་རྒྱ་ནག་དམར་ཤོག་གཞུང་གི་སྲིད་འཛིན་བྱས་པའི་རྗེས་སུ་རྒྱ་ནག་གཞུང་གིས་དུམ་བུར་དབྱེ་བ་ཕྱེ་པའི་མཚོ་སྔོན་ཕྱོགས་ཀྱི་བོད་ཀྱི་ས་ཁུལ་དུ་ལྟ་སྐོར་བྱས་པ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོ་དང་ ༢༠༢༡ ལོ་བཅས་ལ་ལྟ་སྐོར་དང་འབྲེལ་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་དང་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་ཚུལ་ནན་བརྗོད་བྱས་ཡོད་པ་རེད་ལ། ཡང་བོད་གནས་ཉམས་ཞིབ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ནས། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པ་དང་བསྟུན།ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་དང་རྒྱ་ནག་གཉིས་ནས་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ཞིག་འགྲོ་ཡི་ཡོད་སྟབས། ཐེངས་འདིར་ཞི་ཅིན་ཕིང་གིས་བོད་ཀྱི་དགོན་པ་དང་སློབ་གྲྭ་སོགས་ལ་ལྟ་སྐོར་བྱས་ཏེ།བོད་ནང་གི་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་སློབ་གསོ་ཡག་པོ་ཡིན་པའི་རྣམ་པ་སྟོན་ཆེད་ཡིན་སྐོར་བརྗོད་བྱུང་།

སྤྱིར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་བོད་ནང་དུ་ལྟ་སྐོར་རིགས་བྱེད་སྐབས། བོད་མི་ཚོར་དངོས་ཤུགས་གཉིས་ནས་དམ་དྲག་དང་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པ་རེད་ལ། དེ་སྔ་ཞི་ཅིན་ཕིང་ཐེངས་གཉིས་བོད་ཀྱི་ས་ཁུལ་ཁག་ཏུ་ལྟ་སྐོར་བྱེད་སྐབས།ཟི་ལིང་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དམག་ཁུལ་ཞིག་དང་། མཚོ་ཤར་ཁུལ་གྱི་ཧོར་རིགས་གྲོང་ཚོ་ཞིག མཚོ་ནུབ་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་རི་བོའི་གྲོང་བརྡལ་གྱི་བོད་རིགས་གྲོང་སྡེ་ཞིག་བཅས་སུ་ལྟ་སྐོར་དང་།ཐེངས་གཉིས་པའི་སྐབས་མདོ་སྨད་རྐང་ཚ་དང་ཟི་ལིང་ཁུལ་གྱི་བོད་རིགས་ཚོར་ཐུག་འཕྲད་ཀྱིས་བརྗོད་དོན་གཙོ་བོ་དགོན་སྡེ་ཁག་གི་རྒྱལ་གཅེས་ཆོས་གཅེས་དྲིལ་བསྒྲགས་དང་། མི་རིགས་མཐུན་སྒྲིལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སློབ་གསོར་ཤུགས་སྣོན་དགོས་པའི་དྲིལ་བསྒྲགས་གཏམ་བཤད་སྤེལ་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་པདྨ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ། ཡེ་ཤེས་བཀྲ་ཤིས།