ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་ནག་གཞུང་ལ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གློད་གྲོལ་གཏོང་དགོས་པའི་་ནན་སྐུལ་གནང་འདུག
ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ Uzra Zeyaམཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་ནས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་བཞུགས་ཡོད་མེད་དང་སྐུའི་འཕྲོད་བཞེས་ཀྱི་གནས་བབ་ཇི་འདྲ་ཡོད་མིན་དཔང་རྟགས་འཕྲལ་དུ་སྤྲོད་དགོས་པ་ནན་བསྐུལ་བྱས་འདུག
ཕྱི་ཚེས་༢༥ཉིན་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པའི་སྐབས་དང་བསྟུན་ནས་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད་པ་དང་། འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་འཁྲུངས་སྐར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུས་པ་རེད་། ཡང་ཉིན་དེར་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ Uzra Zeyaམཆོག་གིས་ X སྤྱི་ཚོགས་བརྒྱུད་ལམ་ཐོག་དེ་རིང་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པ་རེད་ དེ་རིང་གི་ཉིན་མོ་དེར་ཨ་རིའི་གཞུང་གིས་བསྐྱར་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་ནས་པན་ཆེན་རིན་པོ་ཆེ་མཆོག་ག་པར་བཞུགས་ཡོད་མེད་དང་སྐུའི་འཕྲོད་བཞེས་ཀྱི་གནས་བབ་ཇི་འདྲ་ཡོད་མིན་དཔང་རྟགས་འཕྲལ་དུ་སྤྲོད་དགོས་པ་ནན་སྐུལ་གནང་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་བོད་མི་རྣམས་ལ་རྒྱ་ནག་གཞུང་ཕྱོགས་ནས་ཐེ་གཏོགས་གང་ཡང་མེད་པར་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་འདེམས་སྒྲུག་དང་སྐུ་ཡོན་ཕུལ་ཕྱོགས་དང་བརྩི་མཐོང་བྱེད་ཕྱོགས་ཐོག་རྒྱབ་སྐྱོར་ཡོད་པ་དེ་བསྐྱར་ནན་གནང་གི་ཡོད་ཅེས་བཀོད་ཡོད་པ་རེད་འདུག
ཡང་ཁ་སང་ཚེས ༢༥ ཉིན། པན་ཆེན་རིན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ David Curry ཡིས་ X སྤྱི་ཚོགས་བརྒྱུད་ལམ་ཐོག་དེ་རིང་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་རེད། གང་ཉིད་ག་པར་ཡོད་མེད་དུས་ད་ལྟ་འང་དཔང་རྟགས་ཡོད་པ་མ་རེད། རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་གང་ཉིད་བཙན་ཁྲིད་བྱས་ནས་ལོ་ངོ་ ༣༠ ཙམ་འགྲོ་གི་ཡོད་པ་རེད། ད་ལྟ་རྒྱ་ནག་དུ་གཟིགས་སྐོར་གནང་བཞིན་པའི་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ Blinken མཆོག་གིས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་འདྲི་བརྩད་གནང་དགོས་ཞེས་གསུངས་ཡོད་པ་རེད་འདུག ཡང་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་X སྤྱི་ཚོགས་བརྒྱུད་ཐོག་ཚེས ༢༥ ཉིན། དེ་རིང་ནི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས ༣༥ ཕེབས་པའི་སྐུའི་འཁྲུངས་ཡིན་ལ། རྒྱ་ནག་གཞུང་གིས་ཁོང་གང་དུ་ཡོད་པ་དོན་དངོས་ར་སྤྲོད་བྱེད་དགོས་པ་མ་ཟད། ཁོང་དང་ཁོང་གི་ཡབ་ཡུམ་གཉིས་འཕྲལ་དུ་གློད་གྲོལ་བཏང་ནས་བོད་ཀྱི་ནང་ཆོས་ཀྱི་སྲོལ་རྒྱུན་ལ་ཐེ་ཇུས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
ཡང་པན་ཆེན་རིན་པོ་ཆེ་དང་འབྲེལ་བའི་ Tibet's Stolen Child ཞེས་པའི་དངོས་བྱུང་གློག་བརྙན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་དོན་ལ། རྒྱ་ནག་དཔོན་རིགས་ཚོས་སྐྱེས་བ་ཕྱི་མའི་ལྟ་གྲུབ་ལ་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། དོན་དངོས་ཐོག་ཁོང་ཚོས་བོད་བརྒྱུད་ནང་བསྟན་དེ་ཆེས་རྗེས་ལུས་ཞིག་ལ་ངོས་འཛིན་དང་དེ་རྩ་མེད་བཟོས་ན་ཡག་པོ་མཐོང་གི་ཡོད་པ་རེད། ཡང་ཕྱོགས་གཅིག་ནས་ཁོང་ཚོས་ཆོས་ཕྱོགས་ཀྱི་ཡང་སྲིད་ཐོག་དོ་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད་པ་རེད་ཅེས་པན་ཆེན་རིན་པོ་ཆེ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་གི་ནང་བཀའ་གནང་ཡོད་པ་ཕྱི་ཚེས་ ༢༤ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ X སྤྱི་ཚོགས་བརྒྱུད་ལམ་ཐོག་ཁྱབ་སྤེལ་གནང་འདུག
གཞན་ཡང་ཁ་སང་ཕྱི་ཚེས་ ༢༥ ཉིན་དབྱིན་ཡུལ་བོད་རིགས་ཚོགས་པས་རྒྱལ་ས་ལོན་གྲོན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་པན་ཆེན་རིན་པོ་ཆེ་སྐུ་ཐོག་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱའི་བཙན་འོག་ནས་གློད་བཀྲོལ་གཏོང་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།