རྩོམ་པ་པོ་དང་པར་བ་ཀུན་དགའ་ཚངས་དབྱངས་ལཊ་བཙོན་བཀྲོལ།
2014.01.14
རྒྱ་ནག་གིས་མི་ལོ་༥ལ་དུས་བཀག་ཁྲིམས་ཐག་བཅད་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོ་དང་། པར་རྒྱག་སྒྱུ་རྩལ་བ་ཀུན་དགའ་ཚངས་དབྱངས་ལགས་བཙོན་བཀྲོལ་བཏང་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། དེ་སྔོན་༢༠༠༩ལོའི་ལོ་མཇུག་ལ་ཀན་ལྷོ་གཙོད་གྲོང་ཁྱེར་རྒྱ་ནག་མི་དམངས་ཁྲིམས་ཁང་གིས་མི་ལོ་༥ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཀུན་དགའ་ཚངས་དབྱངས་ལགས་༢༠༡༤ཟླ་༡ཚེས་༡༢་ཉིན་ལན་གྲུ་གྲོང་ཁྱེར་གྱི་བཙོན་ཁང་ནས་ཉིན་དེའི་ཞོགས་པར་བཙོན་བཀྲོལ་བཏང་ཡོད་པ་རེད། སྐབས་དེར་ལན་ཀྲོའུ་ནས་བཙོན་བཀྲོལ་ཐོབ་སྐབས་དང་། ཕ་ཡུལ་མགོ་ལོག་ལ་འབྱོར་སྐབས་དགེ་འདུན་པ་དང་། ས་གནས་བོད་མི་ཚོས་ཕེབས་བསུའི་ཁ་བཏགས་འཐེན་པ་དང་། རླུང་རྟ་གཏོར་ནས་ཀི་སྒྲ་སྒྲོག་པ་སོགས་བྱས་ནས་ཕེབས་བསུ་དགའ་བསུ་བྱས་འདུག
བོད་ནང་གི་རྩོམ་པ་པོ་མགོ་ལོག་གངས་ཉིའམ་ཀུན་དགའ་ཚངས་དབྱངས་ཁོ་༢༠༠༩་ཟླ་༣ ཚེས་ ༡༧ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་བ་དང་། ༢༠༠༩ཕྱི་ཟླ་༡༡ ཚེས་༡༤ ཉིན་ཀན་ལྷོ་གཙོད་གྲོང་ཁྱེར་མི་མང་ཁྲིམས་ཁང་གིས་རྩོམ་པ་པོ་གངས་ཉིའམ་ཀུན་དགའ་ཚངས་དབྱངས་ལ་ལོ་ལྔའི་ཁྲིམས་ཐག་བཅད་སྐབས། ཁོང་གིས་བྲིས་པའི་རྩོམ་ཡིག་ང་ཚོའི་སྲིད་གཞུང་གང་དུ་ཡོད་ཅེས་པ་དང། ལྷ་ས་སྔར་བཞིན་ལྷ་ས་མ་ཡིན། ང་ཚོའི་ལྷིང་འཇགས་དཀྲོགས་མཁན་དེ་སུ་རེད་ཅེས་པ་སོགས་ལ་ནག་ཉེས་བཀལ་ནས། འདྲི་གཅོད་ནན་པོ་བྱས་ཡོད་འདུག ལྷག་པར་ཁྲིམས་རྩོད་པས་ལྷ་ས་སྔར་བཞིན་ལྷ་ས་མ་ཡིན་ཞེས་པའི་དོན་ག་རེ་ཡིན་མིན་སྐོར་དྲིས་སྐབས། ཀུན་དགའ་ཚངས་དབྱངས་ཀྱིས། ཁྱོད་ཚོས་མེ་འཁོར་ལྕགས་ལམ་དང་ཁང་པ་སོགས་འཛུགས་བསྐྲུན་བྱས་པ་བདེན་པ་ཡིན་ཡང། དོན་དངོས་ཐོག་ལྷ་ས་ནི་བོད་མི་རྣམས་ཀྱི་སྙིང་གི་ནོར་བུ་ལྟ་བུ་ཡིན་པས། དེང་སྐབས་ལྷ་སར་མཚོན་ན་ཆོས་སྲིད་གཉིས་ཀྱི་ཐོག་ནས་ཉམས་གུད་ཆེན་པོ་བཏང་བར་བརྗོད་ཀྱི་ཡོད་ཅེས་ལན་བཏབ་པ་དང་། ང་ཚོའི་སྲིད་གཞུང་གང་དུ་ཡོད་ཅེས་པའི་སྐོར་དྲིས་པར། ཁོང་གིས། ཀྲུང་དབྱང་གིས་རྩ་འཛིན་ཡིག་ཆ་གང་མང་ཞིག་གཏན་འབེབ་བྱས་ཡོད་ཀྱང། རང་སྐྱོང་ས་ཁུལ་ལ་མཚོན་ན་ཡིག་ཆ་དེ་དག་ལག་ལེན་རྩ་བ་ནས་བསྟར་གྱི་མི་འདུག་ཅེས་བརྗོད་སྐབས་ཁོང་གི་སྐད་ཆའི་འཕྲོ་བཅད་ཡོད་འདུག
ཁོང་ནི་གཞོན་སྐྱེས་བོད་ཀྱི་རྩོམ་པ་པོ་ཞིག་དང་པར་རྒྱག་མཁན་ཞིག་བཅས་ཡིན་པ་མ་ཟད་། དེ་སྔོན༼གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ༽ཞེས་བའི་ནང་ཕྱག་ལས་གནང་ཡོད་པ་དང་། ཁོང་གི་པར་རིས་སྒྱུ་རྩལ་ལ་བོད་ཁམས་ན་དགའ་མོས་བྱེད་མཁན་མང་པ་དང་། ཁོང་མདོ་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལུང་དཀར་དགོན་ནས་ཡིན་ལ་སྐབས་དེར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ན་སློབ་གཉེར་གནང་བཞིན་ཡོད་འདུག
གསར་འགོད་པ་ཀླུ་འབུམ།