ལོ་ལྔ་ནས་དྲུག་བར་གྱི་བཙོན་ཁྲིམས།
2013.12.03

༄༅༎ཕྱི་ཟླ་༡༠ཚེས་༣༠ཉིན་རྒྱ་ནག་གཞུང་གིས་ནག་ཆུ་འབྲི་རུ་ཁུལ་གྱི་བོད་མི་བསྟན་འཛིན་རང་གྲོལ་དང་སྟོབས་ལྡན་གཉིས་ལ་ལོ་ལྔ་དང་དགེ་འདུན་པ་དཀོན་མཆོག་ཆོས་འཕེལ་ལགས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་སུ་ཁུངས་ལྡན་གནས་ཚུལ་དང་འབྲེལ་ཡོད་འདྲ་པར་མཁོ་སྤྲོད་གནང་འདུག འབྲེལ་ཡོད་གནས་ཚུལ་པདྨ་དངོས་གྲུབ་ལགས་ནས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
>>>ཡིག་ཐོག་གསར་འགྱུར།
རྒྱ་ནག་གཞུང་གིས་བོད་ཀྱི་འབྲི་རུ་ས་གནས་ཀྱི་བོད་མི་དགུ་ལ་བཙོན་དུས་ཁྲིམས་ཐག་བཅད་ཡོད་འདུག་ཅིང་། དེའི་ཁོངས་ནས་མི་གསུམ་གྱི་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། མི་གསུམ་ལ་ལོ་ལྔ་ནས་དྲུག་བར་གྱི་བཙོན་དུས་ཁྲིམས་ཐག་བཅད་འདུག། ཁོང་གསུམ་ནི་བསྟན་འཛིན་རང་གྲོལ་ལགས་དང་། སྟོབས་ལྡན། དགེ་འདུན་པ་དཀོན་མཆོག་ཆོས་འཕེལ་ལགས་བཅས་ཡིན་པ་དང་། བསྟན་འཛིན་རང་གྲོལ་དང་སྟོབས་ལྡན་སོ་སོར་ལོ་ལྔའི་བཙོན་ཁྲིམས་བཀལ་བ་དང་། དགེ་འདུན་པ་དཀོན་མཆོག་ཆོས་འཕེལ་ལགས་ལ་ལོ་དྲུག་གི་བཙོན་དུས་གསལ་བསྒྲགས་བྱས་ཡོད་པ་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་ངོ་སྤྲོད་བྱས་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གཞུང་གིས་འབྲི་རུ་ས་གནས་སུ་དམ་བསྒྲཌ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དང་། འཇུ་བཟུང་བྱས་པའི་མི་དེ་དག་ལ་ཁྲིམས་བཤེར་བྱས་པའི་གནས་ཚུལ་ཁག་ཆེས་གསང་རྒྱ་དམ་པོ་བྱས་ཡོད་སྟབས་ཁོང་ཚོ་བཙོན་ཁང་གང་དུ་བཏང་མིན་སོགས་ཀྱི་གནས་ཚུལ་གསལ་པོ་ཕྱི་ཕྱོགས་ནས་ཤེས་རྟོགས་མེད་པ་རེད་འདུག།
ཁྲིམས་བཅད་ཕོག་པ་སྟོབས་ལྡན་ལགས་ཀྱིས་འདི་ལོ་ཕྱི་ཟླ་བཅུ་པའི་ནང་འབྲི་རུའི་སྐྱོ་གདུང་ཞེས་འབྲི་རུའི་ཁུལ་གྱི་གནས་སྟངས་བརྗོད་པའི་བརྩོམ་ཡིག་ཅིག་སྤེལ་ཡོད་པ་རེད། ཁོང་ལོ་སུམ་ཅུ་ཡིན་པ་དང་། ཡང་ལོ་ན་ ༣༢ ཡིན་པ་བསྟན་འཛིན་རང་གྲོལ་ལགས་ཚོང་ལས་པ་ཞིག་ཡིན་ཞིང་། དགེ་འདུན་པ་དཀོན་མཆོག་ཆོས་འཕེལ་ལགས་རང་ལོ་ ༢༨ ཡིན་པ་དང་། ཁོང་དེ་སྔོན་གསེར་རྟ་ནང་བསྟན་སློབ་གླིང་ཁང་དུ་ལོ་མང་རིང་སློབ་གཉེར་གནང་མྱོང་ཡོད་པ་ཞིག་ཡིན་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།