པད་ནོར་རིན་པོ་ཆེའི་ཡང་སྲིད་མཆོག་ལ་ཕེབས་བསུ་ཟབ་རྒྱས།
2014.07.28

༄༅། །སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་དེ་རིང་ཕྱི་ཚེས་༢༨ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་༥་ཙམ་ལ་གྲོང་ཁྱེར་དྲིན་རྡུ་ནས་དཀར་མཛེས་བརྒྱུད་དཔལ་ཡུལ་མ་དགོན་ལ་བདེ་ཕེབས་ཟིན་འདུག། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་ནས་སྐུ་པར་དང་བཅས་ཏེ་གནས་ཚུལ་བཏང་འབྱོར་ལྟར་ན། པད་ནོར་རིན་པོ་ཆེའི་ཡང་སྲིད་ལ་གུས་བསུའི་སྣེ་ལེན་ཞུ་རྒྱུའི་ཆེད་དུ་ཉེ་འཁོར་གྱི་དགོན་ཁག་༡༨་ཀྱི་སྐུ་ཚབ་བླ་སྤྲུལ་མཁན་པོ་རྣམས་དང་འབྲེལ་ཡོད་མི་སྣ། དེ་བཞིན་དད་ལྡན་མི་མང་རྣམས་ཀྱིས་དཀར་མཛེས་དང་དཔལ་ཡུལ་རྫོང་གི་ས་མཚམས་བྲག་ནག་ལའི་ཚུར་ངོས་ནས་བསུ་བ་ཞུ་རྒྱུར་སྣུམ་འཁོར་བརྒྱ་དང་། རྟ་པ་བརྒྱ། ལྕཌ་རྟ་འཁོར་ལོ་བརྒྱས་རུ་བསྒྲིགས་གིས་འཚམས་འདྲིའི་བསུ་བ་ཞུས་འདུག། དཔལ་ཡུལ་རྫོང་ཐོག་ཏུ་འཛམ་གླིང་གི་ས་གནས་ཁག་དང་བོད་ཀྱི་ས་ཁུལ་ཁག་དེ་བཞིན་རྒྱ་ནག་ནས་ཆེད་བཅར་ཞུས་པའི་སློབ་མ་དང་དད་ལྡན་མི་མང་ཆིག་ཁྲི་ལྷག་གིས་རང་ལུགས་ཟབ་སྦྱོར་ལེགས་པར་སྤྲས་ནས་དགའ་བསུ་ཟབ་རྒྱས་ཞུས་འདུག། སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཁྲི་འདོན་གྱི་མཛད་སྒོ་དེ་བཞིན་ཉིན་གྲངས་དྲུག་རིང་དཔལ་ཡུལ་མ་དགོན་དུ་གནང་རྒྱུ་ཡིན་ཞིང་། དེ་རིང་ཕྱི་ཚེས་༢༨་ཉིན་སྣེ་ལེན་དང་དེ་ནས་ཞབས་རིམ་དང་བརྟན་བཞུགས་འབུལ་རྒྱུ་དང་ཕྱི་ཚེས་༣༡་ཉིན་ཁྲི་འདོན་མཛད་སྒོ་དངོས་གཞི་གནང་སྐབས་ས་གནས་མི་མང་རྣམས་ཀྱིས་དགའ་སྟོན་སོགས་ཀྱི་མཛད་རིམ་རིམ་པས་གནང་འཆར་འདུག། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སྐུ་ཐོག་གོང་མ་དགུང་གྲངས་༧༧་ལ་ཐོག་ཕྱི་ལོ་༢༠༠༩་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་རྗེས་སུ་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་དང་དཔལ་ཡུལ་མ་དགོན་གྱི་བླ་ཆེན་སྤྲུལ་སྐུ་ཐུ་བཟང་མཆོག་གིས་ཡང་སྲིད་རིན་པོ་ཆེ་མཆོག་བོད་དབུས་དྭགས་པོ་ཁུལ་དུ་འཁྲུངས་པའི་ཐག་ཆོད་གནང་བ་ལྟར་དཔལ་ཡུལ་གདན་སའི་མགོན་བདག་ཀརྨ་སྐུ་ཆེན་མཆོག་དང་མཁན་སྤྲུལ་རྣམས་ཀྱིས་ངོས་ལེན་གནང་ཐོག་བོད་ཟླ་༦་ཚེས་༤་དང་ཕྱི་ ཟླ་༧་ཚེས་༣༡་ཉིན་དཔལ་ཡུལ་གདན་སར་ཁྲི་འདོན་མཛད་སྒོ་གནང་རྒྱུའི་ཐག་གཅོད་ཀྱང་གནང་ཡོད་པ་རེད།།
གསར་འགོད་པ་བསོད་ནམས་ལྷ་མོ།