བོད་ནང་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་མི་ཚོར་བདག་སྐྱོང་བྱེད་དགོས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།

2023.08.23
བོད་ནང་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་མི་ཚོར་བདག་སྐྱོང་བྱེད་དགོས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།
FT

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱ་ནག་གཞུང་གིས་བསུན་གཙེར་རྗེས་འདེད་དང་། གང་བྱུང་ཉེས་རྡུང་བྱེད་པ་སོགས་ཀྱིས་རྒྱ་ནག་ནང་ཁྲིམས་མེད་པ་གསལ་བོ་རེད་ཅེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས། ཉེ་ལམ་སྤྱི་ཟླ་༨ཚེས་༡༩ཉིན་མདོ་སྨད་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ས་ཁུལ་དར་ལག་རྫོང་དུ་སོང་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གལ་ཆེ་ཡིན་པའི་སྐོར་ངེས་ཤེས་གོ་རྟོགས་སྤེལ་ཐབས་དང་འབྲེལ། དར་ལག་རྫོང་མི་རིགས་སློབ་འབྲིང་གི་ཉེ་འཁྲིས་ནས་བརྙན་ཐུང་ཞིག་ཕབ་ལེན་བྱས་པར། ཁོང་གི་གང་དུ་སོང་ན་ནམ་རྒྱུན་རྒྱ་ནག་གཞུང་གིས་བསུན་གཙེར་དང་བརྙས་བཅོས། རྗེས་འདེད་རྒྱུན་མར་བྱེད་བཞིན་པ་ལྟར། མི་ཁ་ཤས་ནས་རྗེས་འདེད་ཀྱིས་མཚན་མོ་ཆུ་ཚོད་༨ཙམ་ལ་ཁོང་བསྡད་སའི་མགྲོན་ཁང་གི་སྒོ་གཏོར་ཏེ། ངོ་གདོང་རས་ནག་གིས་བཀབ་པའི་མི་ཁ་ཤས་ནས་ཁོང་ལ་གང་བྱུང་ཉེས་རྡུང་བཏང་བའི་གནས་ཚུལ་ལྷག་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། བཀྲ་ཤིས་དབང་ཕྱུག་ལགས་སུ་གང་བྱུང་ཉེས་རྡུང་བཏང་བ་ནི་བློ་ཕམ་གྱི་གནས་ཚུལ་དང་། རྒྱ་ནག་ནང་ཁྲིམས་མེད་པ་གསལ་བོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

Sequence 01.00_04_16_14.Still015.jpg

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་བོད་ནང་སྐད་དང་། རིག་གཞུང་སྲུང་སྐྱོབ་བྱེད་མི་ཚོར་བདག་སྐྱོང་བྱེད་དགོས་པ་མ་གཏོགས། དེ་ལ་གནོད་འཚེ་དང་འཇིགས་སྐུལ་བྱེད་པ་སོགས་ནི་རྒྱལ་ཁབ་ཆེན་པོ་ཞིག་གི་བྱེད་སྟངས་མིན་པར་བརྟེན། རྒྱ་ནག་གཞུང་གིས་བཀོད་བྱུས་བཏང་སྟེ་རྡུང་རྡེག་ཕོག་པ་ཡིན་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་འགྲེལ་བརྗོད་གནང་སོང་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས་ཀྱང་། བཀྲ་ཤིས་དབང་ཕྱུག་ལགས་དར་ལག་རྫོང་དུ་འགྲོ་འདུག་སྤྱོད་གསུམ་ལ་ཉེན་རྟོག་པས་དོ་དམ་བྱས་པ་མ་ཟད། མཚན་མོ་མགྲོན་ཁང་དུ་ཉེས་རྡུང་གཏོང་མི་ཉེན་རྟོག་པ་ཡིན་པའི་དོགས་གཞི་ཆེ་ཁར། ལྷག་པར་སྤྱི་ཟླ་༨ཚེས་༢༠ཉིན་ཡང་བསྐྱར་དར་ལག་རྫོང་དུ། མི་ཁ་ཤས་ཀྱིས་ཁོང་རླངས་འཁོར་ནང་བཅུག་སྟེ་ས་སྟོང་ཞིག་ཏུ་ཉེས་རྡུང་ཚབས་ཆེན་བཏང་བ་དང་ཆབས་ཅིག ཁ་པར་ནང་གི་པར་དང་བརྙན་ཚང་མ་གསུབ་དགོས་ཡོད་ཅེས་བསྔོགས་བཤེར་བྱས་ཡོད་པ་གང་ལ་བལྟས་ན། དེ་ཚོ་སྒྲུབ་མཁན་ཉེན་རྟོག་པ་ཡིན་པའི་དོགས་པ་ཆེན་པོ་ཡོད་པས། ཉེན་རྟོག་པ་ཚོས་བྱེད་སྟངས་དེ་རིགས་རྒྱ་ནག་རང་གི་ཁྲིམས་དང་འགལ་ཚབས་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་ལས་འགུལ་པ་ཐུབ་བསྟན་རབ་བརྟན་ལགས་ནས་ཀྱང་། སྤྱི་ལོ་༢༠༡༦ལོ་ནས་རྒྱ་ནག་གིས་བོད་ནང་བཅའ་སྡོད་སློབ་གྲྭར་ཕྲུ་གུ་ལོ་བཞི་ནས་དྲུག་བར་འཛུལ་ཞུགས་བྱ་དགོས་པ་བཟོས་ཏེ། བོད་ཕྲུག་འབུམ་མང་པོར་རྒྱ་ཧན་མི་རིགས་ཀྱི་སྐད་དང་གོམས་གཤིས་འཇགས་བཅུག་པའི་མཚོན། རྒྱ་ནག་གཞུང་གིས་ཁྱོན་ཡོངས་ནས་བོད་ཀྱི་སྐད་ཡིག་རྩ་མེད་ཀྱི་སྲིད་བྱུས་ཤིག་ཤུགས་ཆེར་འཛིན་བཞིན་པ་དང་། བོད་ནང་བོད་ཀྱི་སྐད་ཡིག་གནས་བབ་ཧ་ཅང་ཛ་དྲག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཁོང་གིས་སྤྱིར་བོད་ནང་སྐད་ཡིག་སྲུང་སྐྱོབ་པ་མང་པོ་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལྟ་བུར་མཚོན་ན་གལ་ཆེ་ཤོས་བོད་ནང་སྐད་ཡིག་ཛ་དྲག་ཉག་ཕྲའི་སྐབས། གནས་སྟངས་དེ་རྒྱལ་སྤྱིའི་ཐོག་གསལ་བོ་བཟོ་ཐུབ་ཡོད་པས། བཀྲ་ཤིས་དབང་ཕྱུག་གི་ལས་འགུལ་གྱི་གྲུབ་འབྲས་དང་བྱས་རྗེས་ཆེ་ཤོས་དེ་རེད་ཅེས་ངོ་སྤྲོད་གནང་གི་འདུག

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གི་ཁྲིམས་དང་མཐུན་པའི་ལམ་ནས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུགས་ཐེངས་མང་གནང་བའི་བརྒྱུད་རིམ། ཨ་མི་རི་ཀའི་New York Times ནིའུ་ཡོཀ་དུས་བབ་གསར་ཁང་ལ་འགྲེལ་བརྗོད་གནང་བར་བརྟེན། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༦ལོ་ནས་འཛིན་བཟུང་དང་སྤྱི་ལོ་༢༠༡༨ལོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཙུགས་ཏེ། ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་དང་། སྤྱི་ལོ་༢༠༢༡ལོར་ཁོང་གློད་གྲོལ་གྱི་རྗེས་སུ་མུ་མཐུད་དུ་བོད་སྐད་ཡིག་གི་ཐོབ་ཐང་འཐབ་རྩོད་ལས་དོན་གནང་ཡོད་པ་རེད།།

 

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎