བྱང་ཀེ་ལི་ཕོར་ནི་ཡར་སཱི་ཤེས་སློབ་གསོའི་ཟབ་སྦྱོང་།
བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་བྱང་ California བོད་མིའི་སྤྱི་མཐུན་ཚོཌ་པ་ཐུན་མོང་གིས་གོ་སྒྲིག་འོག་ཕྱི་ཟླ་ ༣ ཚེས་ ༡༧ ནས་ཚེས་ ༡༩ བར་ཉིན་གསུམ་རིང་བྱང་ཀེ་ལི་ཕོར་ནི་ཡའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་བདེ་གཞི་ཕུན་ཚོགས་གླིང་དུ། ཨ་རི་དང་ཁེ་ན་ཌ་ཁུལ་གྱི་གཟའ་མཇུག་སློབ་གྲྭ་ཁག་ ༡༨ ནས་དགེ་རྒན་ ༨༠ ཙམ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དགོངས་གཞི་ནང་དོན་སློབ་ཕྲུག་ལ་བཟང་སྤྱོད་སློབ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་སཱི་ཤེས་ཡོན་ (SEE Learning ) སློབ་གསོའི་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་འདུག འདི་ནི་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་སྦོསི་ཊོན་དུ་ཚོགས་པའི་བྱང་ཨ་རིའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པའི་གྲོས་ཆོད་དགོངས་དོན་ཚོགས་པ་ཞིག་དང་། སློབ་ཁྲིད་ཆེད་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆོས་ལུགས་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་འབུམ་རམས་པ་དགེ་བཤེས་ནེ་གི་བློ་བཟང་བསྟན་འཛིན་ལགས་དང་། སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་སྣེ་ཁྲིད་པ་དང་ཨེ་ཤི་ཡའི་འབྲེལ་མཐུད་པ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་ཙཱ་བ་བགྲེས་པ་བརྩོན་འགྲུས་བསམ་འཕེལ་ལགས་བཅས་ཕེབས་ཡོད་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་བྱང་ཀེ་ལི་ཕོར་ནི་ཡ་ནས་རྒན་ཨོ་རྒྱན་བསོད་ནམས་ལགས་དང་། ནིའུ་ཡོག་ནས་རྒན་ཚེ་དབང་གཡུ་སྒྲོན་ལགས། མི་ནེ་སོ་ཊ་ནས་རྒན་བསྟན་འཛིན་དགའ་བ་ལགས་བཅས་གདན་ཞུས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།