འབྲས་ལྗོངས་རྒྱལ་ས་སྒང་ཏོག་ནས་ཏེཛ་པུར་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་པ།
ཕྱི་ཟླ་ ༤ ཚེས་ ༢༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་བྱང་ཤར་ཨ་སམ་མངའ་སྡེའི་ཏེཛ་པུར་གྲོང་ཁྱེར་བར་ཁྱོན་དུས་ཡུན་ཟླ་བ་གཅིག་ཙམ་གྱི་རིང་སྤེལ་རྒྱུའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྒང་ཏོག་ཆོལ་ཁ་གསུམ་ཚོགས་ཁང་ནས་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་རྒྱ་གར་ནང་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་དུས་ཚིགས་བཟུང་པ་ཞིག་དང་། ལས་འགུལ་མཇུག་བསྡོམས་གནང་ཡུལ་ཨ་སམ་མངའ་སྡེའི་ཏེཛ་པུར་གྲོང་ཁྱེར་འདི་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་བཙན་བྱོལ་དུ་༧ཆིབས་སྒྱུར་གནང་སྐབས། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་དང་མཉམ་དུ་ཆིངས་ཡིག་དོན་ཚན་ ༡༧ བཙན་དབང་གི་འོག་བཞག་བཅུག་པ་དེར་ངོས་ལེན་མེད་པ་རྒྱལ་སྤྱིའི་ཐོག་གསལ་བསྒྲགས་བསྐྱངས་ཡུལ་གྱི་ཆ་ནས་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་ས་ཚིགས་ཤིག་ཆེད་དུ་བདམས་པ་ཡིན་པ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
-
གོམ་བགྲོད་ལས་འགུལ་འགོ་འཛུགས་ཉིན་མོ་འདི་བཞིན་ཕྱི་ཟླ་ ༤ ཚེས་ ༢༩ སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔའ་བོའི་ཉིན་མོར་སྲུང་རྩིས་ཞུ་བཞིན་པ། རྒྱས་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་དུས་ཚིགས་ཤིག་འཁེལ་ཡོད་པ།
-
ཕྱི་ཟླ་༩ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་རྒྱུའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའམ་(G-20) དབུ་ཁྲིད་ལྷན་ཚོགས་ཐོག་ཕེབས་མཁན་གྱི་དབུ་ཁྲིད་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་ཀྱི་གནད་དོན་དེ་གལ་ཆེ་དོན་ཆེར་རྩིས་པའི་ཐོག་གླེང་སློང་དགོས་པའི་རེ་འདུན་བཅང་གི་ཡོད་པ།
-
ཏེཛ་པུར་གྲོང་ཁྱེར་འདི་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་བཙན་བྱོལ་དུ་༧ཆིབས་སྒྱུར་གནང་སྐབས། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་དང་མཉམ་དུ་ཆིངས་ཡིག་དོན་ཚན་ ༡༧ བཙན་དབང་གི་འོག་བཞག་བཅུག་པ་དེར་ངོས་ལེན་མེད་པའི་རྒྱལ་སྤྱིའི་ཐོག་གསལ་བསྒྲགས་བསྐྱངས་ཡུལ་གྱི་ཆ་ནས་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་ས་ཚིགས་ཤིག་བདམས་པ།
-
བོད་མི་ཚོས་རང་རྒྱལ་ཁབ་དོན་དུ་བློས་གཏོང་དང་སེམས་ནང་གི་རེ་བ་དང་ཡིད་ཆེས་དེ་མ་བརླག་པ་ཡིན་ན་ཉིན་གཅིག་བོད་དོན་བདེན་མཐའ་གསལ་ངེས་རེད་ཅེས་འབྲས་ལྗོངས་མངའ་སྡེའི་གཞུང་གི་ནགས་ཚལ་བློན་ཆེན་སྐུ་ཞབས་ (Karma Lodoe Bhutia, Forest Minister, Sikkim) ཀརྨ་བློ་གྲོས་བྷོཊིཡ་ལགས་ཀྱིས་གསུངས་པ།
ད་རེས་ཀྱི་བོད་དོན་ཛ་དྲག་གླེང་སློང་ཆེད་དམིགས་པའི་གོམ་བགྲོད་ཀྱི་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་རྒྱུའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའམ་(G-20) དབུ་ཁྲིད་ལྷན་ཚོགས་ཐོག་ཕེབས་རྒྱུའི་དབུ་ཁྲིད་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་ཀྱི་གནད་དོན་དེ་གལ་ཆེ་དོན་ཆེར་རྩིས་པའི་ཐོག་གླེང་སློང་དགོས་རྒྱུ་དང་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཇི་ཙམ་གྱི་ཛ་དྲག་ཆགས་ཡོད་མེད་ཐོག་རྒྱ་གར་གཙོས་པས་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཐོབ་རྒྱུ་བཅས་ལ་དམིགས་པ་ཡིན་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་གསུངས་བྱུང་།
བོད་དོན་གོམ་བགྲོད་ཀྱི་ལས་འགུལ་འགོ་འཛུགས་མ་གནང་གོང་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འབྲས་ལྗོངས་རྒྱལ་ས་སྒང་ཏོག་གྱི་ཆོལ་གསུམ་ཚོགས་ཁང་དུ་ཚོགས་ཡོད་པ་དང་། འབྲས་ལྗོངས་མངའ་སྡེའི་གཞུང་གི་ནགས་ཚལ་བློན་ཆེན་སྐུ་ཞབས་ (Karma Lodoe Bhutia, Forest Minister, Sikkim) ཀརྨ་བློ་གྲོས་བྷོཊིཡ་ལགས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་ཞུགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་སྐབས་གསུངས་དོན་དུ། ང་ཚོས་དུས་རྟག་ཏུ་རང་གི་རྒྱལ་ཁབ་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྙིང་སྟོབས་དང་སེམས་ཤུགས་ལ་དྲན་གསོ་བྱེད་དགོས་པ་རེད་ཅེས་དང་། རྒྱ་གར་རྒྱལ་ཁབ་ལྟ་བུར་མཚོན་ན་དབྱིན་ཇིའི་བཙན་འོག་ཏུ་ལོ་ངོ་ ༢༠༠ ལྷག་རིང་གནས་དགོས་བྱུང་ཡོད་པ་དང་། ད་ཆ་བོད་དེ་རྒྱ་ནག་གཞུང་གི་བཙན་འཛུལ་འོག་ལོ་ ༦༥ མ་ཏོག་ཕྱིན་མེད་སྟབས་ཁྱེད་ཚོ་སེམས་ཤུགས་ནམ་ཡང་མ་ཆགས་པར་ལས་འགུལ་མུ་མཐུད་སྤེལ་ཚེ་ཁྱེད་ཚོས་བློས་གཏོང་དེ་དག་ཆུད་ཟོས་སུ་འགྲོ་གི་མ་རེད་ལ། བོད་མི་ཚོས་རང་རྒྱལ་ཁབ་དོན་དུ་བློས་གཏོང་དང་སེམས་ནང་གི་རེ་བ་དང་ཡིད་ཆེས་དེ་མ་བརླག་པ་ཡིན་ན་ཉིན་གཅིག་བོད་དོན་བདེན་མཐའ་གསལ་ངེས་རེད་ཅེས་གསུངས་སོང་།
འབྲས་ལྗོངས་མངའ་སྡེའི་གཞུང་གི་ནགས་ཚལ་བློན་ཆེན་མཆོག་གིས་ད་དུང་། འབྲས་ལྗོངས་མངའ་སྡེའི་གཞུང་འཛིན་ནང་ང་ཚོ་བསླེབས་ཡོད་པར་བརྟེན། མངའ་སྡེ་གཞུང་གིས་ངོས་ནས་བོད་དོན་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་གི་ཡོད་ལ་ང་རང་སྒེར་ལ་ཆ་མཚོན་ན་ངའི་ནང་མི་བུ་ཕྲུག་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་ཕལ་ཆེ་བའི་ནང་མཉམ་ཞུགས་གནང་གི་ཡོད། དེ་བས་གལ་ཆེ་བ་ཞིག་ལ་བོད་མི་ཚོས་ང་བོད་པ་ཡིན་སྙམ་པའི་འདུ་ཤེས་དང་ཚོར་བ་དེ་དུས་ནམ་ཡང་འདོར་མི་རུང་ཞིང་། ངའི་མེས་པོ་རྣམས་བོད་ནས་སླེབས་པ་ཞིག་ལ་སོང་། ངེད་རང་ལ་སྤོབས་པ་ཆེན་པོའི་ངང་བོད་པ་ཡིན་པ་ཤེས་ཀྱི་ཡོད་ཅེས་གསུངས་འདུག
ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་འགོ་འཛུགས་ཀྱིས་ནུབ་སྦེང་གྷོལ་མངའ་སྡེ་དང་ཨ་སམ་མངའ་སྡེ་བཅས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་གསུམ་བརྒྱུད་གོམ་བགྲོད་གནང་རྒྱུ་མ་ཟད། མངའ་སྡེ་དེ་དག་ནང་གི་གནས་ཡོད་མི་སྣ་མཇལ་འཕྲད་ཞུ་རྒྱུ་དང་བོད་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སོགས་སྤེལ་གནང་རྒྱུ་ཡིན་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།