ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲ་རྒྱའི་ཐོག་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཅེས་བའི་བརྗོད་ཚིག་མེད་པ་བཟོས་ཡོད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པའི་བརྗོད་ཚིག་དག་བརྗེ་བསྒྱུར་གནང་བ་དེར་རྒྱ་ནག་གཞུང་མ་དགའ་བར་སྐྱོན་བརྗོད་བྱས་འདུག
- 2022-05-10
-
-
-
Your browser doesn’t support HTML5 audio
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲ་རྒྱའི་ནང་ཐེ་ཝན་གྱི་སྐོར་ལ་ཐེ་ཝན་རང་དབང་རང་བཙན་ལ་རྒྱབ་སྐྱོར་མི་གནང་རྒྱུ་དང་། ཐེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་བརྗོད་ཚིག་དེ་དག་མེད་པ་བཟོས་གནང་ཡོད་པ་དང་། གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཇན་ཡིས་འདི་ཚེས་༡༠རེས་གཟའ་མིག་དམར་ཉིན་གསར་འགོད་པ་རྣམ་པར་རྒྱ་ནག་གཅིག་ལས་མེད་པའི་སྐོར་དང་ཐེ་ཝན་དེ་བཞིན་རྒྱ་ནག་ལ་བདག་གི་ཡོད་རབས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དེ་རྒྱ་ནག་གི་ཁྲིམས་མཐུན་གྱི་གཞུང་གཅིག་པོ་དེ་ཡིན་པའི་སྐོར་བརྗོད་ཡོད་པ་དང་མཉམ། ཨ་མི་རི་ཀ་གཞུང་གིས་རྒྱ་ནག་གཅིག་གི་ལྟ་གྲུབ་དེ་མེད་པ་བཟོ་རྒྱུའི་ངན་བྱུས་འདིང་གི་ཡོད་པའི་སྐོར་དང་། སྲིད་དོན་གྱི་ངན་བྱུས་དེས་ཐེ་ཝན་གྱི་གནས་བབ་ཐོག་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་ཀྱང་བརྗོད་ཡོད་པ་རེད་འདུག
ད་དུང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲ་རྒྱའི་སྟེང་དེ་སྔ་མེད་པ་ཕྱི་ལོ་༡༩༨༢ལོར་ཨ་མི་རི་ཀའི་སྲིད་འཛིན་(Ronald Reagan)་གི་གཞུང་འཛིན་སྐབས་ཐེ་ཝན་ལ་ཨ་མི་རི་ཀའི་ངོས་ནས་ཁས་ལེན་དོན་ཚན་དྲུག་གནང་བ་དེ་གསར་དུ་བཀོད་གནང་ཡོད་པ་རེད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲ་རྒྱའི་ཐོག་ཐེ་ཝན་སྐོར་ལ་འགྲེལ་བརྗོད་ཀྱི་བརྗོད་ཚིག་ལ་འགྱུར་བ་བཏང་བ་དེ་ཉེ་སྔོན་ཕྱི་ཚེས་༥ཉིན་བཏང་ཡོད་ཀྱང་རྒྱ་ནག་དང་ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་འདིའི་ཐོག་དོ་སྣང་དེ་རེས་གཟའ་མིག་དམར་ཉིན་མ་གཏོགས་བྱུང་མེད་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།