ཨ་རིའི་དམག་མི་ཟུར་པ་ཞིག་གིས་རྒྱ་ནག་ལ་ཨ་རིའི་གསང་བའི་གནས་ཚུལ་བཙོང་བའི་ནག་ཉེས་ཁས་བླངས་འདུག

ཨ་མི་རི་ཀའི་དམག་དཔུང་གི་གནད་དོན་དབྱེ་ཞིབ་པ་ཞིག་གིས་རྒྱ་ནག་ལ་ཨ་རིའི་གསང་བའི་གནས་ཚུལ་བཙོང་བའི་ནག་ཉེས་ཁས་ལེན་བྱས་འདུག

ཨ་རིའི་དམག་མི་ཟུར་པ་དང་ཨ་རིའི་དམག་དཔུང་གི་གནད་དོན་དབྱེ་ཞིབ་པ་(Kornein Schultz) Photo Credit: DOD

དེ་ཡང་ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་གསུངས་པར་གཞིགས་ན། ཨ་རིའི་དམག་མི་ཟུར་པ་དང་ཨ་རིའི་དམག་དཔུང་གི་གནད་དོན་དབྱེ་ཞིབ་པ་(Kornein Schultz)་ཟེར་བས་བཀའ་འཁྲོལ་མེད་པར་ཨ་རི་རྒྱལ་ནང་གི་བདེ་སྲུང་ལས་དོན་གྱི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་ཕྱིར་བཙོང་བྱས་པ་དང་། བདེ་སྲུང་དང་འབྲེལ་བའི་འགོག་སྲུང་རྩོམ་ཡིག་དང་། ལག་རྩལ། དེ་བཞིན་རེའུ་མིག་གྲངས་ཐོ་སོགས་ཕྱིར་གཏོང་བྱས་པ། གཞུང་འབྲེལ་མི་སྣར་ལྐོག་རྔན་སྤྲད་པ་སོགས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཁོང་ལ་ནག་ཉེས་བཙུགས་ཡོད་པ་རེད།
ཨ་རིའི་ཆེས་གསང་བའི་གནས་ཚུལ་ཐོག་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཡོད་པའི་དབྱེ་ཞིབ་པ་(Schultz)་ཟེར་བ་ཁོང་གིས། དངུལ་བླངས་ནས་ཨ་རིའི་ཆེས་གསང་བའི་ཡིག་ཆ་ཐེ་བའི་རྒྱལ་ནང་བདེ་སྲུང་ཀྱི་གནས་ཚུལ་བསྡུ་རུབ་བྱས་ནས་ཧོང་ཀོང་ནང་གནས་སྡོད་བྱེད་མཁན་མི་ཞིག་ལ་སྤྲོད་ཀྱི་ཡོད་པ་དང་། མི་དེ་ནི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་དྭོགས་གཞི་ཅན་གྱི་མི་ཞིག་ཡིན་འདུག་ལ། ད་ཆ་ཁོང་གིས་ཨ་རིའི་གསང་བའི་གནས་ཚུལ་མི་དེ་བརྒྱུད་རྒྱ་ནག་ལ་བཙོང་པའི་ནག་ཉེས་ཁས་ལེན་བྱས་ཡོད་འདུག
ཨ་རིའི་དབུས་གཞུང་གི་(FBI)་ཞེས་པའི་འདྲི་ཞིབ་ལས་ཁང་གི་འགན་འཛིན་(Robert Wells)་ཞུ་བས། རྒྱ་ནག་ལྟ་བུའི་སྲིད་གཞུང་གིས་ཨ་རིའི་དམག་མི་དང་རྒྱལ་ནང་བདེ་འཇགས་ལ་དམིགས་ནས། ཨ་རིའི་གསང་བ་རྐུ་འཁྱེར་བྱ་ཐབས་བྱེད་ཀྱི་ཡོད་ཀྱང་། ང་ཚོས་སྡང་སེམས ་ཅན་གྱི་དགྲ་ཁ་གཏད་ཀྱིས་ཕྱི་རྒྱལ་གཞུང་ལ་གསང་བ་མ་ཤོར་བ་བྱ་རྒྱུར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་སྤྱི་བསྒྲགས་སྤེལ་འདུག
ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་(Kornein Schultz)་ཁོང་འཛིན་བཟུང་མ་བྱས་གོང་། ཁོང་གིས་རྒྱ་ནག་ལ་ཚོར་བ་རྣོ་བའི་ཨ་རིའི་གསང་བའི་གནས་ཚུལ་ཁག་ཅིག་མཁོ་སྤྲོད་བྱས་ཡོད་ཀྱང་། དེ་ཚོ་ནི་ཆེས་གསང་བའི་སྡེ་ཚན་མ་ཡིན་པ་ཤ་སྟག་རེད་ཅེས་གསུངས་འདུག ཁོང་གིས་རྒྱ་ནག་ནས་ཨ་སྒོར་བཞི་ཁྲི་ཉིས་སྟོང་ཙམ་བླངས་ནས་ཨ་རིའི་གསང་བའི་གནས་ཚུལ་བཙོང་པའི་ཁོངས་སུ་ར་ཤེ་ཡ་དང་ཡུཀ་རེན་གྱི་དམག་འཁྲུག་ནས་བསླབ་བྱ་ལེན་དགོས་པ་ཇི་ཡོད་སྐོར་བགྲོ་གླེང་བྱས་པའི་གནས་ཚུལ་དང་། ཐེ་ཝན་ལ་གོ་མཚོན་ཚོང་འགྲེམས་བྱས་པའི་གནད་དོན་སོགས་ཡོད་འདུག
ཉེ་ལམ་ཕྱི་ཟླ་༨པའི་ཚེས་༦ཉིན་ལོ་ན་༧༦ཡིན་པའི་ཨ་རིའི་ལོ་རྒྱུས་རིག་པ་བ་རྒྱ་རིགས་ཝང་ཧྲུའུ་ཇོན་(Wang Shujun)ལ་ཨ་རིའི་སྦུརུཀ་ལིན་ཁྲིམས་ཁང་ནས་ཁྲིམས་བཤེར་བྱས་རྗེས་རྒྱ་ནག་དམར་ཤོག་ཚོཊ་པའི་ཆེད་སོ་མྱུལ་གྱི་ལས་དོན་སྒྲུབ་ཡོད་པ་ར་སྤྲོད་བྱས་ཡོད་པ་དང་། ཁོང་ལ་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་ཁྲིམས་ཆད་གཏོང་རྒྱུ་དང་སྐབས་དེར་དུས་བཀག་ལོ་༢༥བར་བཙོན་འཇུག་གི་ཉེས་ཆད་ཕོག་རྒྱུ་ཡིན་པ་རེད། ཁོང་ཕྱི་ལོ་༢༠༢༢ ཟླ་༣པའི་ནང་ཐོག་མར་ཨ་རིའི་ཉེན་རྟོག་པས་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་རེད།
ཕྱི་ལོ་༢༠༢༠ནང་དུ་ཡང་ཨ་རིའི་ནིའུ་ཡོག་ནང་བོད་མི་ཚོའི་ཐོག་སོ་མྱུལ་བྱས་པའི་ཉེས་མིང་འོག་པདྨ་དར་རྒྱས་ངག་དབང་(Baimadajie Angwang)་ཟེར་བ་ཞིག་འཛིན་བཟུང་དོ་དམ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org