རྒྱ་ནག་གིས་པ་ཀི་སི་ཐན་ནང་རྡུལ་ཕྲན་གློག་ཁང་གསར་རྒྱག།
2010.06.16
༄༅༎ད་ལོ་ལོ་སྟོད་དུ་རྒྱ་ནག་གིས་པ་ཀི་སི་ཐན་ནང་རྡུལ་ཕྲན་གྱི་གློག་ཁང་གཉིས་གསར་རྒྱག་བྱ་རྒྱུར་རོགས་རམ་གྱི་གནད་དོན་ཐོག་ཨ་རིའི་གཞུང་ནས་ཞིབ་ཕྲའི་ཐོག་ནས་དོ་སྣང་གནང་བཞིན་པའི་སྐོར་ཨ་རིའི་ཕྱི་སྲིད་ལས་ཁང་གིས་གཟའ་མིག་དམར་ཉིན་གསུང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་པི་ཇེ་ཁ་རའོ་ལི་ཡིས་གསར་འགོད་པ་ཚོར་གསུང་ན་ ང་ཚོས་རྒྱ་ནག་གཞུང་གིས་པ་ཀི་སི་ཐན་ལ་རྡུལ་ཕྲན་གྱི་གློག་ཁང་གསར་རྒྱག་བྱ་རྒྱུར་རོགས་རམ་གྱི་ལས་དོན་དེའི་ཞིབ་ཕྲའི་གནས་ཚུལ་ཨ་རི་ཕྱོགས་སུ་གསལ་བཤད་གནང་རྒྱུའི་སྐོར་བཏོན་ཡོད་པ་དང་ དེ་ལྟར་བཏོན་དགོས་དོན་ནི་ རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་རྡུལ་ཕྲ་རབ་ཀྱི་ནུས་པ་བཀག་སྡོམ་ལས་ཁང་གི་ཚོགས་མི་ཞིག་ཡིན་པའི་ཆ་ནས་རྡུལ་ཕྲན་གོ་མཚོན་བཀག་སྡོམ་གྱི་འབྲེལ་ཡོད་ཆིངས་ཡིག་གཞིར་བཟུང་རྡུལ་ཕྲན་དང་འབྲེལ་བའི་ལས་གཞིའི་རིགས་སྤེལ་དགོས་ཚེ་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱེད་དགོས་ཀྱི་ཡོད་པར་བརྟེན་ནས་ཡིན་པ་འགྲེལ་བརྗོད་གནང་འདུག
དེ་དང་ཕྱོགས་མཚུངས་ཨ་རི་གཞུང་གིས་གཟའ་འཁོར་རྗེས་མ་རྒྱལ་སྤྱིའི་ནང་རྡུལ་ཕྲན་གྱི་གོ་མཚོན་ཡོད་པའི་ཡུལ་གྲུའི་དབར་གྱི་ལྷན་ཚོགས་ཐོག་ཨ་རི་གཞུང་གིས་རྒྱ་ནག་དང་པ་ཀི་སི་ཐན་དབར་རྡུལ་ཕྲ་རབ་ཀྱི་ལས་གཞི་མཉམ་ལས་བྱེད་ཕྱོགས་སྐོར་གྱི་གནད་དོན་གླེང་སློང་གནང་འཆར་ཡོད་པ་རེད། རྒྱལ་ཁབ་༤༦ལས་གྲུབ་པའི་རྡུལ་ཕྲན་གོ་མཚོན་སྟངས་འཛིན་གྱི་ཚོགས་པ་དེའི་སྒྲིག་གཞི་ལྟར་རྡུལ་ཕྲན་གྱི་ཉིང་ཁུ་དང་ཡོ་ཆས་ རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་གྱི་ལག་རྩལ་སོགས་ཕན་ཚུན་ཚོང་འགྱུར་བྱ་མི་ཆོག་པ་གཏན་འབེབས་བྱས་ཡོད་ཅིང་ ཨ་རིའི་ཚགས་ཤོག་རྡ་ལྦ་ཤིང་ཀྲོན་ཕོ་ཉ་ཞེས་པའི་ཐོག་གནས་ཚུལ་སྤེལ་བའི་ནང་ རྒྱ་ནག་གཞུང་གིས་པ་ཀི་སི་ཐན་ལ་རྡུལ་ཕྲན་གྱི་གློག་ཁང་རྒྱབ་རྒྱུར་མཁོ་བའི་ཡོ་ཆས་ཕྱིར་ཚོང་བྱེད་ཡས་དེ་ནི་ཕྱི་ལོ་ཉིས་སྟོང་བཞི་ལོར་རྒྱ་ནག་རྒྱལ་སྤྱིའི་རྡུལ་ཕྲན་གོ་མཚོན་བཀག་སྡོམ་ཆིངས་ཡིག་ལ་ས་རྟགས་མ་བཀོད་གོང་ནས་གཏན་འཁེལ་བྱུང་བའི་གནས་ཚུལ་ཡིན་པའི་སྐོར་རྒྱུ་མཚན་འགྲེལ་བཤད་རྒྱབ་ཀྱི་ཡོད་པ་རེད།