སྟོན་པ་མི་འདྲ་བ་གཉིས་ཀྱི་གསུང་འཕྲིན་གཅིག


2019.11.16
སྟོན་པ་མི་འདྲ་བ་གཉིས་ ནང་པ་སངས་རྒྱས་པའི་ཆོས་དང་སིཁ་ཆོས་ལུགས་ཀྱི་ཐོག་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་གསར་པ་ཞིག་བཏོན་ཡོད་པ།
Photo: RFA

༄༅༎སྟོན་པ་མི་འདྲ་བ་གཉིས་ཀྱི་གསུང་འཕྲིན་གཅིག་ཅེས་ནང་པ་སངས་རྒྱས་པའི་ཆོས་དང་སིཁ་ཆོས་ལུགས་ཀྱི་ཐོག་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་གསར་པ་ཞིག་བཏོན་ཡོད་པའི་སྐོར་འདི་གའི་གསར་འགོད་པས་བཏང་བའི་གནས་ཚུལ་ལ་གཞིགས་ན།བཞུགས་སྒར་ཉེ་འཁྲིས་འཇམ་དབྱངས་ཆོས་གླིང་དུ་ནང་ཆོས་སློབ་གཉེར་གནང་མཁན་བཙུན་མ་བསྟན་འཛིན་ཟླ་སྒྲོན་དང་།རྒྱ་གར་སིཁ་མི་རིགས་ནང་པའི་ཆོས་ཀྱི་རྗེས་འཇུག་བཙུན་མ་Savinder Kaur Gillགཉིས་མཉམ་རུབ་ཀྱི་ཐོག་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་གི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་དང་།ལོ་ངོ་ལྔ་བརྒྱ་ལྔ་བཅུ་ཙམ་གྱི་གོང་བྱོན་པའི་གུ་རུ་ནཱ་ནཀ་མཆོག་གི་གསུང་གཉིས་སློབ་དཔོན་མི་འདྲ་བ་གཉིས་ཡིན་ནའང་གསུང་འཕྲིན་གཅིག་གྱུར་ཡིན་པའི་སྐོར་དེབ་གསར་ཞིག་བཏོན་ཡོད་ཅིང་། དེ་ལ་བོད་ཀྱི་དཔེ་མཛོད་ཁང་གི་པར་བསྐྲུན་ལས་རོགས་ཡོན་ཏན་ལགས་ཀྱིས་གཙོ་བོ་དེབ་དེའི་ནང་སིཁ་ཆོས་ལུགས་དང་ནང་པའི་དབར་འདྲ་བའི་ཆ་རྣམས་མཚུངས་བསྡུར་གནང་ཡོད་པ་འགྲེལ་བརྗོད་གནང་འདུག ཡང་ཁོང་གིས་ནང་ཆོས་ཀྱི་ནང་འདོད་ཆགས། ཞེ་སྡང་། གཏི་མུག་སོགས་སྡུག་བསྔལ་གྱི་རྩ་བ་ཡིན་པར་གསུང་གི་ཡོད་པ་བཞིན་སིཁ་ཆོས་ལུགས་ཀྱི་ནང་དུའང་བློ་ཉོན་མོངས་པའི་རིགས་དང་དེ་ཚོ་ལ་གཉེན་པོ་བསྟེན་སྟངས་གསུང་གི་ཡོད་ཅིང་། ནང་པའི་ཆོས་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་དུ་བྱུང་བ་དང་།  སིཁ་ཆོས་ལུགས་ནི་མི་ལོ་ལྔ་བརྒྱ་ཙམ་གྱི་གོང་དུ་བྱུང་ཡོད་པའི་ཁར་སིཁ་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གུ་རུ་ནཱ་ནཀ་མཆོག བོད་དང་། ཧི་མ་ལ་ཡའི་རི་བརྒྱུད་ནས་སིངྒ་ལ་ཚུན་ལ་གནས་སྐོར་དུ་ཕེབས་མྱོང་ཡོད་པས་གུ་རུ་ནཱ་ནཀ་མཆོག་ལ་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་དོན་བྲིས་འདུག་ཅེས་ངོ་སྤྲོད་གནང་འདུག དེབ་དེ་ནི་གུ་རུ་ནཱ་ནཀ་མཆོག་སྐུ་འཁྲུངས་ནས་ལོ་ངོ་༥༥༠འཁོར་བའི་དུས་དྲན་དང་སྟབས་བསྟུན་དྲ་ཐོག་ཏུ་བཏོན་ཡོད་ཅིང་། སྤྱི་ཟླ་༡༡པའི་ཚེས་༡༢ཉིན་དྲ་ཐོག་ཏུ་སྤེལ་བའི་དེབ་དེར་ཤོག་ངོས་ལྔ་བརྒྱ་ལྷག་དང་ལེའུ་དྲུག་བཅས་ཡོད་པ་དང་། སོ་སོའི་ངོས་ནས་བསམ་བློ་བཏང་ན་ཧ་ཅང་ཡག་པོ་མཐོང་གི་ཡོད་ལ་ནང་པ་མ་ཡིན་པའི་ཆོས་ལུགས་ཤིག་ཏུའང་ནང་པ་དང་གཅིག་མཚུངས་ཀྱི་གནད་དོན་མང་པོ་འཐོན་སླེབས་དུས་ཆོས་ལུགས་ཁག་དོན་གྱིས་གཅིག་པ་རེད་འདུག་སྙམ་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག རྒྱ་གར་བ་ནང་པའི་བཙུན་མ་ཆོས་མིང་ཀརྨ་བཀྲ་ཤིས་ཆོས་སྒྲོན་ལགས་ནི་རྒྱ་གར་སིཁ་ཆོས་ལུགས་ཀྱི་རྗེས་འཇུག་པའི་ཁྱིམ་དུ་འཁྲུངས་ཡོད་ནའང་ཐེ་ལན་རྒྱལ་ཁབ་ནང་འཕགས་པ་གནས་བརྟན་པའི་ནང་པའི་ཆོས་ལ་སློབ་གཉེར་བརྒྱུད་ཁོར་ཡུག་དང་ཐོན་ཁུངས་ཀྱི་ཐོག་ཏུའང་འབུམ་རམས་པའི་སློབ་གཉེར་མཐར་སོན་ཡོད་པ་དང་།བཙུན་མ་བསྟན་འཛིན་ཟླ་སྒྲོན་ནི་བཞུགས་སྒར་ཉེ་འཁྲིས་འཇམ་དབྱངས་ཆོས་གླིང་དུ་ལོ་ངོ་བཅུ་གསུམ་ཙམ་གྱི་རིང་ནང་པའི་ལྟ་གྲུབ་དང་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་འཐོན་ཡོད་པ་མ་ཟད། རྒྱ་གར་གྱི་ལྡི་ལི་སློབ་ཆེན་དུ་ནང་ཆོས་ཐོག་ཞིབ་འཇུག་སློབ་མའི་ཕྱག་ཁྱེར་བཞེས་མྱོང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎