རྒྱ་ནག་ནང་གི་ཀྲོ་ཡོ་ཀྲ་ལས་བཟོ་བའི་ངོ་རྒོལ་མཇུག་སྒྲིལ་བ།
2010.06.20
༄༅༎ཉི་ཧོང་གི་མོ་ཊ་ཀྲོ་ཡོ་ཀྲ་བཟོ་ཚོང་ལས་ཁང་གི་རྒྱ་ནག་ནང་དུ་ཡོད་པའི་ཀྲོ་ཡོ་ཀྲ་ཡན་ལག་བཟོ་གྲ་བཟོ་པ་ཚོས་ཕྱི་ཚེས་༡༧ནས་འགོ་བཙུགས་པའི་ཉིན་གསུམ་རིང་ལས་མཚམས་བཞག་ཏེ་ཁོང་ཚོའི་གླ་འབབ་སྤར་དགོས་པའི་ངོ་རྒོལ་ལས་འགུལ་མཇུག་བསྒྲིལ་ཏེ་རེས་གཟའ་ཉི་མའི་ཉིན་ལས་ཀ་འགོ་བཙུགས་ཡོད་པའི་སྐོར་དེ་རིང་པེ་ཅིང་ནས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ཉེ་ཁྲིས་སུ་ཡོད་པའི་ཀྲན་ཅིན་གྲོང་ཁྱེར་ནང་དུ་ཡོད་པའི་ཀྲོ་ཡོ་ཀྲ་མོ་ཊའི་མ་ལག་བཟོ་སྐྲུན་བྱེད་མཁན་ཀྲོ་ཡོ་ཀྲ་གོ་སའེ་ཟེར་བའི་བཟོ་གྲའི་ལས་བཟོ་བ་ཚོས་ཁོང་ཚོའི་ལས་ཀའི་གླ་འབབ་ཉུང་ཉུང་ལས་ཐོབ་ཀྱི་མེད་པ་དང་ལས་བཟོ་བའི་སྨན་བཅོས་དང་འགན་སྲུང་སོགས་ཁེ་ཕན་ཉུང་དྲག་པའི་གནད་དོན་ཐོག་ནས་ངོ་རྒོལ་གྱིས་ལས་གྲ་མཚམས་འཇོག་བྱས་ཡོད་པ་དང་ འདས་པའི་གཟའ་འཁོར་འགའ་ཤས་དེའི་ནང་དུ་ཀྲན་ཅིན་གྱི་ཀྲོ་ཡོ་ཀྲ་བཟོ་གྲ་ལྟ་བུ་རྒྱ་ནག་རྒྱལ་ཡོངས་སུ་མོ་ཊའི་བཟོ་གྲ་ཁག་གི་ཐོག་ལ་ལས་བཟོ་བས་ལས་མཚམས་བཞག་པའི་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བ་བྱུང་ཡོད་ཅིང་ ངོ་རྒོལ་སྤེལ་བའི་དོན་རྐྱེན་གཙོ་བོ་ནི་ལས་བཟོ་བ་ཚོར་ལས་འབབ་ཉུང་དྲག་པའི་གནད་དོན་ཡིན་པ་རེད། དེ་རིང་རྒྱ་ནག་གི་ཤིང་ཧ་གསར་ཤོག་ཐོག་ལ། རེས་གཟའ་སྤེན་པའི་ཕྱི་དྲོ་ཀྲན་ཅིན་ཀྲོ་ཡོ་ཀྲ་ཡན་ལག་བཟོ་གྲའི་ལས་བཟོ་བ་ཚོར་ཁོང་ཚོའི་གླ་འབབ་ཀྱི་དགོས་འདུན་ལྟར་སྤྲོད་རྒྱུའི་འགྲིགས་འཇག་བྱུང་སྟེ་རེས་གཟའ་ཉི་མའི་ཉིན་ལས་གྲ་སྒོ་མོ་ཕྱེད་ཡོད་པའི་གནས་ཚུལ་བཀོད་ཡོད་ཅིང་ བཟོ་གྲ་དེའི་ལས་བཟོ་བ་རུས་མིང་ཀྲའོ་ཟེར་བ་ཞིག་ལ་རོའུ་ཀྲར་གསར་འགོད་པས་བཅར་འདྲི་བྱས་པའི་སྐབས་ ཁོང་གིས་བཟོ་གྲས་ཁོང་ཚོར་ཟླ་རེའི་གླ་འབབ་སྒང་ལ་ལས་ཀ་ཆ་ཚང་ཡོང་མཁན་ལ་རྒྱ་མིའི་སྒོར་མོ་༢༠༠འཕར་མ་སྤྲོད་རྒྱུའི་ཁས་ལེན་སོང་བའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད། ཤིང་ཧ་གསར་ཤོག་ཐོག་ལ་ བཟོ་གྲ་དེའི་ལས་བཟོ་བ་ཆིག་སྟོང་གསུམ་བརྒྱ་ལྷག་ལ་སྤྱི་ཡོངས་ཀྱིས་ཟླ་རེར་གླ་ཆ་རྒྱ་མིའི་སྒོར་མོ་ཆིག་སྟོང་ལྔ་བརྒྱ་ཐོབ་ཀྱི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།