བོད་ཀྱི་ས་ཐོག་ཏུ་ཙི་ཙིའི་ནད་ཡམས་དར་ཁྱབ་འགྲོ་བཞིན་པ།

བོད་ཀྱི་མཚོ་སྔོན་ཞིང་ཆེན་བོད་མིའི་གྲོང་མཚོ་ཞིག་ནང་ཙི་ཙིའི་ནད་ཡམས་ཤིག་དར་ཁྱབ་བྱུང་རྗེས་ཁུལ་དེར་འགྲོ་འོང་བཀག་བསྡོམས་བྱས་པ།

2009.08.02

༄༅༎བོད་ཀྱི་མཚོ་སྔོན་ཞིང་ཆེན་བོད་མིའི་གྲོང་མཚོ་ཞིག་ནང་དུ་མིའི་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་ཙི་ཙི་ནད་ཡམས་ཤིག་དར་ཁྱབ་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཕྱིན་པ་དང་མི་བཅུ་གཅིག་ལ་ནད་ཡམས་དེ་འགོས་ཁྱབ་བྱུང་བའི་གནས་ཚུལ་ཐོན་པའི་རྗེས་ས་ཁུལ་དེའི་ནང་གི་མི་དམངས་སྟོང་ཕྲག་མང་པོ་ཕན་ཚུན་འགྲོ་འོང་བཀག་བསྡོམས་བྱས་ཡོད་པའི་སྐོར་དེ་རིང་རེས་གཟའ་ཉི་མའི་ཉིན་མཚོ་སྔོན་ཞིང་ཆེན་ས་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་དཔོན་རིགས་ནས་བཤད་པ་རེད།

རེས་གཟའ་སྤེན་པའི་ཉིན་ས་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་ཙི་ཙིའི་ནད་ཡམས་དར་ཁྱབ་བྱུང་ཡུལ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་ཟེར་བའི་དར་མཚོ་རྫོང་ནང་དུ་ཡིན་པ་དང་ད་ལྟ་བར་ནད་ཡམས་དེས་རྐྱེན་པས་ལོ་ན་སུམ་ཅུ་སོ་གཉིས་ཡིན་པ་འབྲོག་པ་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་བཅུ་གཅིག་དེ་དག་སྨན་བཅོས་བྱེད་མུས་ཡིན་པ་མ་ཟད་མི་དམངས་རྣམས་དར་མཚོ་རྫོང་ནང་དུ་འགྲོ་འོང་བྱེད་རྒྱུ་མཚམས་འཇོག་བྱ་དགོས་པ་དང་ལྷག་པར་དུ་ཕྱི་ཟླ་བདུན་པའི་ཚེས་བཅུ་དྲུག་རྗེས་སུ་ས་ཁུལ་དེའི་ནང་དུ་འགྲོ་འོང་བྱས་པའི་མིའི་ཁྲོད་ནས་གློ་རྒྱབ་པ་དང་ཚ་བ་འཕར་བའི་ནད་རྟོགས་རིགས་ཐོན་ཚེ་ངེས་པར་དུ་སྨན་ཁང་དུ་འབྲེལ་གཏུགས་བྱ་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། ཡིན་ནའང་གསལ་བསྒྲགས་དེའི་ནང་དུ་བོད་མི་འབྲོག་པ་དེ་དུས་ཚོད་ག་དུས་རྐྱེན་འདས་སུ་ཕྱིན་ཡོད་མེད་ཀྱི་ཚེས་གྲངས་བཀོད་མེད་པ་དང་ནད་ཡམས་དེར་བརྟེན་ནས་ད་ཆ་ས་ཁུལ་དེའི་ནང་དུ་འགྲོ་འོང་བཀག་བསྡོམས་བྱས་པ་དེ་དུས་ཚོད་ག་དུས་ཙམ་འགྲོ་འོང་རང་དབང་སྤྲོད་རྒྱུ་ཡིན་མིན་གྱི་གནས་ཚུལ་བཀོད་མེད་པ་རེད། ད་རེས་བོད་ཀྱི་ས་ཐོག་ཏུ་ཐོན་པའི་ཙི་ཙིའི་ནད་ཡམས་དེ་ནི་གློ་བའི་གཉེར་ཁར་རྒྱས་པའི་འགོས་ནད་ཅིག་ཡིན་པ་དང་དེ་ཡིས་གཙོ་བོ་ཚ་བ་འཕར་བ་དང་གློ་རྒྱབ་པའི་ནད་རྟགས་ཐོན་པ་དང་དེའི་འབྱུང་རྐྱེན་ནི་ཙི་ཙི་ནས་མི་ལ་འགོས་ཁྱབ་འགྲོ་བའི་ནད་ཡམས་ཤིག་ཡིན་ཞིང་དེ་ཡང་མཁའ་རླུང་བརྒྱུད་ཧ་ཅང་གི་འགོས་བདེ་བ་ཞིག་དང་ནད་ཡམས་ཡོད་པའི་སེམས་ཅན་གྱིས་མི་ལ་སོ་རྒྱབ་པ་སོགས་ཀྱིས་འགོས་ཁྱབ་འགྲོ་བདེ་བ་ཞིག་ཡིན་པ་བརྟེན་ནས་འགོས་ནད་དེར་དུས་ཐོག་ཏུ་སྨན་བཅོས་དང་སྔོན་འགོག་བྱ་མ་ཐུབ་པ་ཡིན་ཚེ་མིའི་ཚེ་སྲོག་ལ་ཆེས་ཉེན་ཁ་བཟོ་བའི་ནད་ཡམས་ཚབས་ཆེན་པོ་ཞིག་ཡིན་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎