ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྐོར་དཔྱད་གཏམ་སྤེལ་བ།
2011.01.23
༄༅༎ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཨ་རིར་གཞུང་དོན་ཕྱོགས་ཕེབས་གནང་སྟེ་ཨ་རིའི་སྲིད་འཛིན་དང་ལྷན་འཛོམས་གནང་བའི་སྐད་གྲགས་བྱུང་ཡོད་ཀྱང་ནང་དོན་མི་མཐུན་པའི་འགལ་ཟླ་མངོན་པར་གསལ་བའི་སྐོར་གསར་འགྱུར་དཔྱད་གཏམ་སྤེལ་འདུག
རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཀྱི་གཉིས་སྨན་དང་གཉིས་ཕན་གྱི་མཉམ་སྦྲེལ་བྱེད་ཕྱོགས་སྐོར་གཏམ་བཤད་གནང་ཡོད་ཀྱང་ཚོང་འབྲེལ་འདྲ་མཉམ་མེད་པ་དང་། འགྲོ་རྒྱུག་དངུལ་གྱི་རྫ་ཐང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླའི་རང་བཞིན་ཆེན་པོ་ཡོད་པ་རེད། ཡང་རྒྱལ་ཁབ་སོ་སོའི་ནང་སྲིད་ལ་མཚོན་ན། ཕྱི་ལོ་༢༠༡༢་ལོར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་རན་པ་དང་ཕྱི་ལོ་༢༠༡༣་ལོར་རྒྱ་ནག་གི་སྲིད་འཛིན་འཕོ་བསྒྱུར་འགྲོ་དགོས་ཀྱི་ཡོད་པས་ཕུགས་རྒྱངས་རིང་པོར་སྨན་པའི་ཐག་གཅོད་རིགས་ཡོང་དཀའ་བ་ཡིནཔ་རེད། འོན་ཀྱང་ད་རེས་ཕྱོགས་གཉིས་ཀས་གུ་བཤངས་ཀྱི་རྣམ་པ་བསྟན་ཡོད་ཅིང་། རྒྱ་ནག་གི་སྲིད་འཛིན་ལ་གཞུང་འབྲེལ་གསོལ་སྟོན་བཤམས་པའི་ཆེ་མཐོང་ཐོབ་ཡོད་པ་དང་། ཕྱོགས་མཚུངས་ཨ་རིའི་སྲིད་འཛིན་གྱིས་ཚོང་འབྲེལ་བྱེད་སྟངས་འདྲ་མཉམ་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཐུབ་ཡོད་པ་རེད། ཡང་སྲིད་འཛིན་གཉིས་ཀྱི་གསར་འགོད་ལྷན་ཚོགས་སུ་གཏམ་བཤད་གནང་བའི་ནང་། རྒྱ་ནག་གི་སྲིད་འཛིན་གྱིས་ཀོ་རི་ཡའི་མཚོ་གླིང་གི་རྙོག་ཟིང་སོགས་གནད་དོན་རེ་ཟུང་གིས་ཕྱོགས་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་ལ་རྩ་གཏོར་མི་འགྲོ་བ་བྱ་གལ་ཆེ་ལུགས་གསུངས་པ་དང་། ཨ་རིའི་སྲིད་འཛིན་གྱིས་གཙོ་བོ་ཚོང་འབྲེལ་བྱེད་ཕྱོགས་དྲང་པོ་དགོས་པ་དང་། ཨ་རིའི་གསར་གཏོད་ཀྱི་ཁེ་དབང་སྒེར་སྤྱོད་ལ་རྒྱ་ནག་གིས་བརྩི་མེད་བཏང་སྟེ་དཔེ་བཤུས་བྱས་དང་བྱེད་བཞིན་པའི་རིགས་མཚམས་འཇོག་བྱ་དགོས་པ་ནན་བརྗོད་གནང་ཡོད་པ་རེད། འོན་ཀྱང་ཕྱོགས་གཉིས་ཀྱི་སྲིད་འཛིན་གྱིས་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་གཏམ་བཤད་བྱས་མིན་ལ་མ་ལྟོས་པར་རྒྱ་ནག་ནང་དྲག་པོའི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་ང་རྒྱལ་ཆེན་པོ་ཡོད་པའི་ཐོག་རྒྱ་རིགས་ཆེན་པོའི་ལྟ་བ་ཤུགས་ཆེ་ཡོད་པས་སྟོབས་ཆེན་ཨ་རིར་མི་དགའ་བའི་སེམས་འཚོར་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་འགས་སྲིད་འཛིན་ཧུ་ཅིན་ཏའོ་མཇལ་འདོད་མེད་པའི་རྣམ་འགྱུར་བསྟན་པ་སོགས་བྱུང་ཡོད་པ་རེད། མདོ་དོན་བྱང་ཀོ་རི་ཡའི་དཀའ་རྙོག་མཚོན་པའི་གནད་དོན་རྣམས་ལ་གདོང་ལེན་བྱེད་ཕྱོགས་ནས་སྲིད་འཛིན་ལྷན་འཛོམས་ཀྱི་ཕན་འབྲས་ཇི་བྱུང་རིམ་པས་ཤེས་རྟོགས་ཡོང་རྒྱུ་ཡིན་པར་གསར་འགྱུར་དཔྱད་གཏམ་པས་གསུངས་གནང་འདུག།