ཉི་ཧོང་གྲོས་ཚོགས་ཀྱིས་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་བྱ་རྒྱུའི་ཐད་གྲོས་འཆར།
ཉི་ཧོང་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གི་འཕྲུལ་རིག་མཉེན་ཆས་ཊིཀ་ཊོཀ་Tiktokཞེས་པ་སོགས་བཀག་སྡོམ་བྱ་རྒྱུའི་ཐད་གྲོས་འཆར་བཏོན་འདུག
-
2020-07-28 -
-
-
རྒྱ་ནག་གི་རོལ་རྩེད་བརྙན་ཐུང་སྤེལ་སའི་མཉེན་ཆས་དར་ཁྱབ་ཆེན་པོ་ཡོད་པ་Tiktokའམ་མགྱོགས་འཕྲིན་ཞེས་བ་དེ་བདེ་འཇགས་ཐད་སེམས་ཁྲལ་བྱ་གཞིར་གྱུར་བའི་རྐྱེན་གྱིས། ཉེ་ཆར་ཨ་རི་དང་། རྒྱ་གར་སོགས་ནས་སྔ་རྗེས་སུ་མཉེན་ཆས་དེ་བཀག་སྡོམ་བྱས་པའི་རྗེས་སུ། ཕྱི་ཚེས་༢༨རེས་གཟའ་མིག་དམར་ཉིན་ཉི་ཧོང་གྲོས་ཚོགས་ཀྱི་གཞུང་འཛིན་རང་དབང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་གྱིས་གྲོས་གཞི་བཏོན་ནས། སྲིད་གཞུང་གིས་རྒྱ་ནག་གི་Tiktokམགྱོགས་འཕྲིན་ཐེ་བའི་མཉེན་ཆས་དོ་དམ་ཐད་ཁྲིམས་གཞི་གཏན་འབེབས་བྱེད་དགོས་པ་བརྗོད་ཡོད་པ་རེད།
ཉི་ཧོང་གི་གསར་འགྱུར་ནང་བརྗོད་ན། ཉི་ཧོང་རང་དབང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་དཔལ་འབྱོར་བློན་ཆེན་ཟུར་བ་Akira Amari ཡིས་སྣེ་ཁྲིད་དེ་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཐབས་ཇུས་ཚོགས་ཆུང་གིས་གྲོས་གཞི་གཏན་འབེབས་བྱས་ནས། སྲིད་གཞུང་གིས་ཁྲིམས་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་མཉེན་ཆས་ཐད་ཚོད་འཛིན་བྱས་ནས། མཉེན་ཆས་དེ་དག་བེད་སྤྱོད་བྱེད་མཁན་མི་སྒེར་སོགས་ཀྱི་གནས་ཚུལ་གྱར་བྱེད་པ་བཀག་འགོག་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད་འདུག ཉི་ཧོང་གཞུང་འཛིན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གི་Tiktokའམ་མགྱོགས་འཕྲིན་རོལ་རྩེད་མཉེན་ཆས་ཙམ་མ་ཟད། ཉི་ཧོང་གི་དངུལ་ཁང་ཁ་ཤས་ནས་མ་དངུལ་རྩིས་ཞིབ་སྐབས་སུའང་རྒྱ་ནག་གི་ཁེ་ལས་ཁང་གིས་གསར་གཏོད་བྱས་པའི་འཕྲུལ་རིག་མ་ལག་བེད་སྤྱོད་བྱེད་པ་དེར་ཡང་བདེ་འཇགས་ཐད་སེམས་ཁྲལ་བྱེད་དགོས་ཆགས་པ་གསལ་འདོན་གནང་འདུག
གོང་བརྗོད་གནད་དོན་དེ་ལ་དམིགས་ནས་ཉི་ཧོང་རང་དབང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིས་སྲིད་གཞུང་གིས་ཁྲིམས་གཞི་གཏན་འབེབས་ཀྱིས་རྒྱ་ནག་གི་མཉེན་ཆས་མ་ལག་ཐད་ཚོད་བཀག་བྱེད་པའི་གྲོས་འཆར་བཏོན་ནས། ཉི་ཧོང་སྤྱི་འབངས་ཀྱི་མི་སྒེར་གྱི་ཡིག་ཆ་ཕྱིར་གྱར་མི་བྱེད་པ་དང་། ཉི་ཧོང་གི་བདེ་འཇགས་ཐད་ཀྱི་ཉེན་ཁ་སྔོན་འགོག་ཆེད་དུ་མ་འོངས་བར་འདིའི་ཐད་མུ་མཐུད་དུ་གཞུང་དང་གྲོས་མོལ་གྱིས་འབྲེལ་ཡོད་ཁྲིམས་གཞི་གཏན་འབེབས་བྱ་རྒྱུར་སྐུལ་འདེད་བྱེད་རྒྱུ་ཡིན་འདུག།