ཁམས་བྲག་མགོའི་ནང་མུ་མཐུད་དམ་བསྒྲགས་བྱེད་པ།
2012.04.07
༄༅༎བོད་ཀྱི་ཁམས་བྲག་མགོར་ཕྱི་ཟླ་དང་པོའི་ཚེས་༢༣ ཉིན་བོད་མི་སེར་སྐྱ་མི་དམངས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་པ་ནས་བཟུང་ད་བར་དུ་རྒྱ་ནག་གཞུང་གིས་བྲག་མགོར་དམ་དྲག་ཇེ་ཆེར་བཏང་སྟེ་གནས་སྟངས་མུ་མཐུད་ཛ་དྲག་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་བྲག་མགོ་དགོན་པའི་ནང་དགེ་འདུན་པ་བཞི་རེར་རྒྱ་མིའི་ལས་བྱེད་པ་རེ་རེ་བསྐོ་བཙུགས་བྱས་ཏེ། དགེ་འདུན་པ་ཚོའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མེད་པ་ནི། གལ་ཏེ་ཕྱི་ལ་འགྲོ་དགོས་ཚེ། འགྲོ་སའི་ཡུལ་དང༌ལས་དོན་ཅིའི་ཕྱིར་ཡིན་པ་སོགས་གནས་ཚུལ་ཁ་གསལ་འགྲེལ་བཤད་བྱས་ཏེ་ཆོག་མཆན་ཞུ་དགོས་པ་དང༌། ལྷག་པར་དུ་ཕྱི་ཟླ་དང་པའི་ཚེས་༢༣ ཉིན་བོད་མིའི་ཞི་བའི་ངོ་རྒོལ་ལས་འགུལ་སྐབས་རྒྱ་མིའི་དམག་མིས་གང་བྱུང་དུ་བོད་མི་བསད་པ་དང༌། འཛིན་བཟུང་བྱས་དང་བྱེད་བཞིན་པའི་ཁོངས་སུ་བྲག་མགོ་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་སུ། ཕྱི་ཟླ་དང་པོའི་ཚེས་༢༣ ཉིན་གྱི་ངོ་རྒོལ་ལས་འགུལ་དེ་སྣེ་ཁྲིད་བྱེད་མཁན་གཙོ་བོ་ཡིན་པའི་ཉེས་མིང་བཙུགས་ཏེ། ཕྱི་ཟླ་བཞི་པའི་ཚེས་༢ ཉིན་རྒྱ་ནག་གཞུང་གིས་བྲག་མགོ་རྫོང་གི་དམག་མིར་ཐེ་གཏོགས་གང་ཡང་བྱེད་དུ་མ་བཅུག་པར་དམིགས་བསལ་ཞིང་ཆེན་དང་ཤང་གི་དམག་མི་དང་ཉེན་རྟོག་པ་ཆེད་གཏོང་བྱས་ཏེ་དགོན་པ་ནས་འཛིན་བཟུང་བྱས་ཏེ་ད་ལྟའི་འཆར་ཁོང་གང་དུ་བཙོན་མཇུག་བྱས་ཡོད་མེད་དང༌། གནས་སྟངས་ཇི་ལྟར་ཡོད་མེད་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པ་རེད། བྲག་མགོར་ད་ལྟའི་གནས་སྟངས་ནི། སྔར་ཡོད་དམག་མིའི་ཐོག་ལ་འཕར་སྣོན་འགྲེམས་འཇོག་བྱས་ཏེ་སྲང་ལམ་ཐོག་དམག་མི་གང་སར་མཐོང་རྒྱུ་ཡོད་པ་ཡིན་ཞིང། རྩ་བའི་བྲག་མགོར་ཕྱི་ཟླ་དང་པའི་ཚེས་༢༣ ཉིན་ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་བྱུང་བ་ནས་བྲག་མགོ་རྫོང་གི་རོང་དང་འབྲོག་སར་སློབ་གསོ་རུ་ཁག་ཟེར་བ་བཙུགས་ཏེ་བོད་མི་གང་བྱུང་དུ་འཛིན་བཟུང་བྱེད་པ་དང་ཉེས་རྡུང་གཏོང་བ། ཞི་རྒོལ་ནང་རྨས་སྐྱོན་ཕོག་པ་ཚོར་འདྲི་རྩད་བྱེད་པ། དོན་མེད་ལས་ཀ་སྤྲད་དེ་བཀག་ཉར་བྱེད་པ། འགའ་ཤས་ལ་ཉེས་རྡུང་བཏང་སྟེ་གློད་བཀྲོལ་བཏང་བའི་སྐབས་རྒྱ་མིའི་སྒོར་མོ་ཆིག་སྟོང་ལྔ་བརྒྱ་ནས་གསུམ་སྟོང་བར་ཉེས་ཆད་བཀལ་བ། ཟླ་བ་མི་རེ་ངོ་རེར་ཉེན་རྟོག་ལས་ཁུངས་གཙོས་པའི་རྒྱ་མིའི་ལས་ཁུངས་ཁག་ཏུ་ས་རྟགས་རྒྱབ་པར་འགྲོ་དགོས་པ། རྫོང་དང་ཤང་ཐོག་ཆོག་མཆན་མ་ཞུས་པར་བསྐྱོད་ན་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱེད་པ་མ་ཟད། ཉེས་རྡུང་གཏོང་བར་བརྟེན་ནས་ད་ཆ་བོད་མི་རྣམས་ཁྱིམ་ཚང་གི་ཚྭ་ཡང་ཉོ་བར་འགྲོ་མི་ཕོད་པར་ཉིན་གྲངས་ཉི་ཤུ་ལྷག་དེའི་རིང་ལ་ཆུ་ཁོལ་ཁོ་ན་འཐུང་དགོས་བྱུང་བ་མ་ཟད། རྩམ་པ་སོགས་ཟ་བཅའི་རིགས་ཀྱང་ཆད་དེ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲོད་བཞིན་ཡོད་པའི་སྐོར་བཀོད་བཞག།