རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་སྟེང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཕེབས་གཏན་འཁེལ་འདུག

རྡ་རམ་ས་ལར་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་རྒྱུའི་སྟེང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཕེབས་ཏེ་གཏམ་བཤད་གནང་གཏན་འཁེལ་འདུག

འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་(Prem Singh Tamang)་ལགས། ༢༠༢༤ Facebook /Prem Singh Tamang

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་༧ཚེས་༣ནས་༥བར་ཉིན་གྲངས་གསུམ་རིང་། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཌི་པོ་ལོ་(D’Polo)་གསོལ་མགྲོན་ཁང་དུ། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཀྱི་ཡོད་པའི་སྟེང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་(Prem Singh Tamang)་ལགས་དང་། ཁེ་ཎ་ཌ་ནས་དཀར་པོ་ཆེ་བུ་ཁྲིད་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་གཏན་འཁེལ་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་ལ། ཐེངས་འདིའི་ཚོགས་ཆེན་སྟེང་ལོ་ན་༣༥མན་གྱི་བོད་རིགས་གཞོན་སྐྱེས་༡༠༠ལྷག་མཉམ་ཞུགས་གནང་གི་ཡོད་པ་དང་། ཁོང་རྣམ་པ་ཕལ་ཆེ་བ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དགོངས་པ་བཞིན། ལོ་སྔོན་མའི་ཚོགས་འདུར་གོ་སྐབས་ཐོབ་མེད་མཁན་དང་མཉམ་ཞུགས་གནང་མེད་མཁན་ཡིན་འདུག
རྩ་བས་ཐེངས་འདིའི་ཚོགས་ཆེན་སྟེང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་དོན་དྭང་བླངས་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གི་གཞོན་སྐྱེས་རྣམས་གདན་ཞུས་གནང་ཡོད་པ་དང་། ཚོགས་འདུའི་ལས་འཆར་གཙོ་བོ་ནི། གཏམ་བཤད་དང་ཟབ་སྦྱོང་གི་ལས་རིམ་བརྒྱུད་བོད་དོན་ཞུ་གཏུག་གནང་ཕྱོགས་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་། ད་དུང་གཞུང་དང་གཞུང་ཁོངས་མིན་པའི་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་ཀྱང་གཏམ་བཤད་གནང་གཏན་འཁེལ་ཡོད་པ་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ་དེ་བཞིན། ཕྱི་ལོ་༢༠༢༣ཟླ་༧ཚེས་༡༨ ཉིན་བཞུགས་སྒར་རྡ་རམ་ས་ལར་འཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་ཁག་མི་འདྲ་བ་ ༡༦ལྷག་གི་བོད་རིགས་གཞོན་སྐྱེས་མཉམ་ཞུགས་གནང་ཡོད་ཅིང་། སྐབས་དེའི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ལམ་བརྒྱུད་བཀའ་སློབ་བསྩལ་ཡོད་པ་རེད།


གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org