གཞོན་སྐྱེས་བརྒྱ་ཡིས་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་པ་བསྒྲགས་གཏམ་སྤེལ་འདུག

2023.07.20
གཞོན་སྐྱེས་བརྒྱ་ཡིས་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་པ་བསྒྲགས་གཏམ་སྤེལ་འདུག རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་ཉིན་མཐའ་མ། ༠༧།༢༠།༢༠༢༣
CTA

མི་རིགས་ཤིག་གི་འཐབ་རྩོད་ཁྲོད་གཞོན་སྐྱེས་ཀྱི་ནུས་སྟོབས་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་བཀའ་ཤག་གི་ངོས་ནས་བཞུགས་སྒར་རྡ་རམ་ས་ལར་རྒྱལ་ཁབ་འདྲ་མིན་༡༦ནས་བོད་རིགས་གཞོན་སྐྱེས་༡༠༠ཙམ་བསྐོང་ཚོགས་ཀྱིས། མ་འོངས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་༼རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན༽དེ་བཞིན་སྤྱི་ཟླ་༧པའི་ཚེས་༢༠ཉིན་མཇུག་སྒྲིལ་གནང་བ་དང་སྦྲགས། རྒྱ་ནག་གཞུང་ལ་བརྡ་ལན་དང་འབྲེལ་ནས་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ང་ཚོ་བོད་ཀྱི་ན་གཞོན་༡༠༠ཡིས། བོད་མིའི་རང་དབང་འཐབ་རྩོད་རྒྱུན་གནས་བྱེད་རྒྱུའི་ཆོད་སེམས་བཅངས་ཏེ། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཆེད་དུ་རྡ་རམ་ས་ལར་ལྷན་འཛོམས་བྱས་ཡོད། ང་ཚོའི་དམིགས་ཡུལ་ནི། དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་དང་སྲིད་གཞུང་ཁག་གི་དབུ་ཁྲིད་རྣམས་ལ། བོད་ནི་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས། ཁྲིམས་མཐུན་མིན་པའི་སྒོ་ནས་དབང་བསྒྱུར་བྱས་ཡོད་པ་དེ་གསལ་སྟོན་བྱེད་རྒྱུ་ཙམ་མ་ཟད། བོད་ནི། ཆབ་སྲིད་དང་། དཔལ་འབྱོར། ཁོར་ཡུག་བཅས་ཀྱི་ཆ་ནས་འཛམ་གླིང་སྤྱི་ལ་ཇི་ཙམ་གལ་འགངས་ཆེ་མིན་དང་། བོད་རྒྱའི་དཀའ་རྙོག་དེ་ཞི་བའི་ལམ་ནས་སེལ་རྒྱུར་འཛམ་གླིང་མི་མང་ལ་འགན་འཁྲི་ཡོད་པ་གསལ་སྟོན་བྱེད་རྒྱུ། ལྷག་དོན་དུ་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་པ་སོགས་བསྒྲགས་གཏམ་སྤེལ་སོང་།
སྐབས་༡༦པའི་བཀའ་ཤག་གིས། བོད་ལ་རང་དབང་བསྐྱར་གསོ་ཡོང་སླད་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་གནད་དོན་གལ་འགངས་ཆེ་ཤོས་ལ་ངོས་འཛིན་བྱེད་མུས་ཡིན་པ་མ་ཟད། མ་འོངས་འཛམ་གླིང་ས་ཕྱོགས་གང་སར་བོད་དོན་ཞུ་གཏུག་ལས་འགུལ་སྔར་ལས་ཚགས་ཚུད་སྤེལ་རྒྱུ་དང་། སོ་སོ་གནས་ཡུལ་ས་གནས་ཁག་ནང་ཞུ་གཏུག་དངོས་གཞི་སྤེལ་སྐབས་དོན་སྨིན་ལྡན་པ་ཞིག་ཡོང་ཐབས་བྱ་རྒྱུར་དམིགས་ཡོད་འདུག

362246008_658467946316704_4078863136318245990_n.jpg
ཡང་དེ་སྔོན་བཀའ་ཤག་གོང་མས་བསྐོང་ཚོགས་གནང་བའི་ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུའི་སྐུ་ཚབ་འཐུས་མི་ལྷ་རོང་ལགས་ནི། ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་དྭང་བླངས་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་ཡིན་འདུག་ཅིང་། ཁོང་གིས། ཐེངས་འདིའི་ཚོགས་ཆེན་དེ་བཞིན་གཙོ་བོ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་ཁོ་ནར་དམིགས་ཏེ། བསྐོང་ཚོགས་གནང་ཡོད་པ་དེ་ནི་གནད་འགངས་ཆེན་པོ་རེད་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
བོད་མི་གཞོན་སྐྱེས་༡༠༠ཡི་ཡོངས་ཁྱབ་བསྒྲགས་གཏམ་དེའི་ནང་ད་དུང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་འཐབ་རྩོད་ལ་གདོང་ལེན་བྱེད་མཁན་བོད་མི་ཁོ་ན་མིན་པར། ང་ཚོས་དྲང་བདེན་དང་རང་དབང་རྩོད་བཞིན་པའི་མི་རིགས་དང་རྒྱལ་ཁབ་ཚང་མར་གདུང་སེམས་མཉམ་སྐྱེད་ཀྱི་དམ་བཅའ་འཇོག་བཞིན་ཡོད་པ་བརྗོད་འདུག་པ་མ་ཟད། གོ་ལ་ཁྱོན་ཡོངས་ནང་། བཙན་གནོན་དང་གདུག་རྩུབ་ཅན་གྱི་རྒྱ་ནག་གཞུང་གི་སྲིད་བྱུས་རྒོལ་གཏོར་ཆེད། རང་དབང་ལ་དགའ་བའི་རྒྱ་ཆེའི་མི་མང་རྣམས་ང་ཚོའི་མཉམ་དུ་ལངས་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བསྒྲགས་འདུག
ཨོསི་ཊརེ་ལི་ཡར་(Australia)་གནས་སྡོད་ན་གཞོན་ཚོགས་བཅར་བ་རིག་འཛིན་དབང་མོ་ལགས་ནི། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་འགོ་འཛུགས་གནང་བའི་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་ཡིན་འདུག་པ་དང་། འདི་ལྟ་བུ་བོད་ཀྱི་གཞོན་སྐྱེས་ཚོས་དྭང་དུ་བླངས་ཏེ་བོད་དོན་ལས་འགུལ་སྤེལ་བ་དེས་གཞོན་སྐྱེས་གཞན་ལ་སེམས་ཤུགས་འཕར་མ་སྤྲོད་ཐུབ་པའི་ནུས་པ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནས་ཚོགས་ཆེན་ལ་བཅར་བའི་ན་གཞོན་བསྟན་འཛིན་ཚེ་སྒྲུབ་ལགས་ནི། བཙན་བྱོལ་དུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོ་ཕན་ཚུན་རྒྱུས་ལོན་དང་། འབྲེལ་བ་བཟང་དུ་གཏོང་ཆེད་༼བོད་ཇ་Podcast༽ཞེས་པའི་དྲ་ཐོག་གླེང་སྟེགས་དེ་གསར་འཛུགས་གནང་མཁན་གྲས་ཤིག་ཡིན་པ་དང་། ཁོང་གིས། འབྱུང་འགྱུར་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དེ་ཚགས་ཚུད་ཡོང་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཀྱི་༧སྐུ་ཚབ་དོན་གཅོད་ཁག་ནས་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་རྒྱུ་གལ་ཆེ་ཡིན་པ་གསུང་གི་འདུག
ཚོགས་ཆེན་མཇུག་བསྡོམས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས། བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། བོད་ཀྱི་འཐབ་རྩོད་ཁྲོད་གཞོན་སྐྱེས་ཚོས་ཐུགས་འགན་བཞེས་རྒྱུ་ནི་ད་ལྟའི་བཀའ་ཤག་གིས་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་ལ། སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཀྱང་། གཞོན་སྐྱེས་ཚོས། སོ་སོ་གནས་ཡུལ་རྒྱལ་ཁབ་ཁག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེ་ཡིན་པ་སོགས་གསུངས་ཡོད་པ་རེད།
ཉིན་གྲངས་གསུམ་རིང་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་སྩལ་བའི་ནང་། བོད་ཀྱི་གནད་དོན་ནི་བོད་མི་ཙམ་མིན་པར་འཛམ་གླིང་སྤྱི་དང་འབྲེལ་བ་ཡོད་པ་དང་། བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་གནང་དགོས་སྐོར་བཀའ་གནང་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎