རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་གི་གཏམ་བཤད་པ་གཙོ་གྲས་ཚོར་བཅར་འདྲི།
ད་སྐབས་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་དམར་ཤོག་གཞུང་ལ་ལྟ་ཚུལ་ཐད་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པའི་དུས་སྐབས་འདིར། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་བཀའ་ཤག་གི་ངོས་ནས་བཞུགས་སྒར་རྡ་རམ་ས་ལར་རྒྱལ་ཁབ་འདྲ་མིན་༡༦ནས་བོད་རིགས་གཞོན་སྐྱེས་༡༠༠ཙམ་ཞིག་ལྷན་འཛོམས་ཐོག མ་འོངས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་༼རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན༽ཞེས་པ་ཞིག་བསྐོང་ཚོགས་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་༧སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ནི། ཐེངས་འདིའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་ཆེན་ཐོག་གཏམ་བཤད་པ་གཙོ་བོའི་གྲས་ཤིག་ཡིན་འདུག་པ་དང་། ཁོང་གིས། རྒྱ་ནག་དམར་ཤོག་ནི་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉེན་ཁ་བཟོ་མཁན་གྱི་སྲིད་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་དང་བསྟུན་ནས་བོད་རིགས་གཞོན་སྐྱེས་ཚོས་སོ་སོ་གནས་ཡུལ་རྒྱལ་ཁབ་ཁག་ནང་བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་དགོས་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འཛམ་གླིང་ཁྱོན་ཡོངས་སུ་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ནི་སྐབས་༡༦པའི་བཀའ་ཤག་གི་དགོངས་དོན་གཙོ་གྲས་ཤིག་ཡིན་པ་དང་། ཨོསི་ཊརེ་ལི་ཡར་(Australia)་གནས་བཞུགས་གདོང་འདུས་སྐྱིད་འཛོམས་ལགས་ནི། ཨོསི་ཊརེ་ལི་ཡའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཐབ་བྱུས་ལས་འགུལ་སྣེ་ཁྲིད་པ་ཡིན་ཞིང་། ཁོང་མོས། གཞོན་སྐྱེས་ཚོས་རྒྱུན་དུ་བོད་དོན་ལས་འགུལ་སྤེལ་བའི་སྐབས་སུ། བཟང་ཕྱོགས་ཀྱི་ནུས་པ་ལྡན་པའི་ཁོར་ཡུག་ཤིག་དགོས་རྒྱུ་ནི་གལ་ཆེ་ཡིན་པ་གསུང་གི་འདུག
རྒྱུན་དུ་སོ་སོ་གནས་ཡུལ་རྒྱལ་ཁབ་གྱི་གནས་སྟངས་དང་ལངས་ཕྱོགས་ལ་གཞིར་བཞག་པའི་བོད་དོན་ལས་འགུལ་སྤེལ་རྒྱུ་གལ་ཆེ་ཡིན་ནའང་། རྟག་ཏུ་གཞིས་བྱེས་བོད་མི་ཡོངས་ཀྱི་ཛ་དྲག་གི་ལས་འགན་གཙོ་བོ་ཞིག་ནི། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་ཡ་རབས་སྤྱོད་བཟང་དང་། འཇོན་ཐང་དེ་དག་ལག་ལེན་གྱི་ཐོག་ནས་ཀུན་གྱི་མདུན་སར་མངོན་ཐུབ་པ་བྱ་རྒྱུ་དེ་ཡིན་ཞིང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ཐེངས་འདིའི་ཚོགས་ཆེན་ཐོག་བོད་ཀྱི་ལེགས་སྦྱང་དང་བོད་མིའི་ངོ་བོ། བྱུང་རབས་ལོ་རྒྱུས་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་སྐོར་ད་བར་རྒྱལ་སྤྱིའི་སྟེང་འཁྱོག་བཤད་སྣ་ཚོགས་ཤིག་བྱས་དང་བྱེད་མུས་ཡིན་པར་བརྟེན། བོད་དོན་འཐབ་རྩོད་ཀྱི་ཞུ་གཏུག་ལས་འགུལ་རྒྱལ་སྤྱིའི་སྟེང་གྲུབ་འབྲས་ལྡན་པ་ཞིག་ཡོང་བར་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་། རྒྱལ་སྤྱིའི་སྟེང་བོད་ཀྱི་ཁྲིམས་དོན་གནས་བབ་ཁ་གསལ་ཞུ་གཏུག་བྱེད་རྒྱུ་ཡིན་པ་རེད།
སྤྱི་ལོ་༡༩༨༥ནས་༢༠༡༡བར་བོད་གཞུང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཁྲིམས་ཀྱི་སློབ་སྟོན་པ་ལོ་རྒྱུས་སྨྲ་བ་སྐུ་ཞབས་(Michael Van Walt Van Praag)་ལགས་ཀྱིས། ཞུ་གཏུག་ལས་འགུལ་སྤེལ་སྐབས་ཁྲིམས་ཐོག་ནས་བོད་དོན་གནས་བབས་འགྲེལ་བརྗོད་བྱེད་རྒྱུ་གལ་ཆེ་ཡིན་པ་དང་། ད་སྐབས་འཛམ་གླིང་གི་ཡུལ་གྲུ་ཁག་ནང་། བོད་མི་གཞོན་སྐྱེས་སློབ་སྦྱོང་བྱེད་མཁན་དང་། ལས་ཀ་བྱེད་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པ་གཞོན་སྐྱེས་དེ་ཚོ་ནི་བོད་མིའི་ངོ་ཚབ་ཡིན་པས། ཚང་མར་སོ་སོར་འཁྲིས་པའི་འོས་འགན་རེ་ཡོད། ལྷག་དོན་དུ་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གསར་འགོད་པ་། མང་ཚོགས་སོགས་ཀྱི་ཁྲོད། ཞུ་གཏུག་ལས་འགུལ་སྤེལ་སྐབས་ཁྲིམས་ཐོག་ནས་བོད་ཀྱི་གནས་བབ་འགྲེལ་བརྗོད་བྱེད་རྒྱུའི་འོས་འགན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གཞུང་ཞབས་ཟུར་པ་བཀྲིས་ཕུན་ཚོགས་ལགས་ཀྱིས། འདས་པའི་མི་ལོ་༣༨ཙམ་ཞིག་བཙན་བྱོལ་བོད་གཞུང་ནང་། དྲུང་ཆེ་ཆུང་ལ་སོགས་པའི་ལས་གནས་འདྲ་མིན་ཐོག་ཞབས་ཞུ་ཞུས་འདུག་ཅིང་། ཁོང་གིས། བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པའི་དུས་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་དེར། གཞོན་སྐྱེས་ཚོས་རྒྱབ་སྐྱོར་བྱེད་རྒྱུ་ནི་བོད་དོན་འཐབ་རྩོད་དང་འབྲེལ་བའི་འོས་འགན་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
འདི་ཚེས་༡༨ཉིན་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་དབུ་འཛུགས་མཛད་སྒོར། ༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། བོད་ཀྱི་གནད་དོན་དེ་ཆབ་སྲིད་ཙམ་མ་ཡིན་པར། འཛམ་གླིང་སྤྱི་དང་འབྲེལ་བ་ཡོད་པ་བཀའ་གནང་འདུག་པ་མ་ཟད། བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཆེ་བ་སོགས་བཀའ་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།