རྒྱ་གར་གློག་བརྙན་ལས་ཁུངས་ཀྱི་བྱ་སྤྱོད་ལ་ངོ་རྒོལ།

རྒྱ་གར་གྱི་གློག་བརྙན་ཞིག་གི་ནང་དུ་བོད་ཀྱི་རྒྱལ་དར་དང་བོད་རང་དབང་ཞེས་བྲིས་པའི་རས་ཀྱི་ཕྲེད་དར་མཐོང་རྒྱུ་ཡོད་པ་དེ་ཕྱིར་འཐེན་བྱས་པ།

2011.11.08

༄༅༎རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ཨིམ་ཏིཡཛ་ཨ་ལི་ཡིས་བཟོ་སྐྲུན་གནང་བའི་རོཀ་སི་ཀྲའར་(Rockstar)ཟེར་བའི་གློག་བརྙན་དེའི་ནང་དུ་བོད་ཀྱི་རྒྱལ་དར་དང་བོད་རང་དབང་ཞེས་བྲིས་པའི་རས་ཀྱི་ཕྲེད་དར་མཐོང་རྒྱུ་ཡོད་པ་བརྟེན། རྒྱ་གར་གྱི་གློག་བརྙན་བཏང་འཛིན་ལས་ཁུངས་ནས་ཕྱིར་འཐེན་བྱས་པ་དེར་བཙན་བྱོལ་ནང་གི་བོད་མི་ཚོས་རྒྱ་གར་གྱི་གློག་བརྙན་བཏང་འཛིན་ལས་ཁུངས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཚ་རླབས་འཕེལ་བཞིན་ཡོད་པ་རེད།
སྐུ་ཞབས་ཨིམ་ཏིཡཛ་ཨ་ལི་ཞུ་བ་ནི་རྒྱ་གར་གྱི་སྦོ་ལི་ལྦུདྲ་གློག་བརྙན་ཁང་གི་གློག་བརྙན་བཟོ་སྐྲུན་གྱི་ལས་དོན་ཐད་ལམ་ལྷོང་འགྲོ་བཞིན་པའི་གཞོན་སྐྱེས་ཤིག་ཡིན་ཞིང༌། ཁོང་གིས་བཟོ་སྐྲུན་གནང་བའི་རོཀ་སི་ཀྲའར་ཟེར་བའི་གློག་བརྙན་དེ་ནི་ཕྱི་ཟླ་བཅིུག་པའི་ཚེས་༡༡ ཉིན་རྒྱ་གར་རྒྱལ་ཡོངས་གློག་བརྙན་ཁང་དུ་དུས་གཅིག་ལ་བཏོན་རྒྱུའི་འཆར་གཞི་ཡོད་པར་བརྟེན་ནས། རྒྱ་གར་གྱི་གློག་བརྙན་སྟངས་འཛིན་ལས་ཁུངས་ཀྱིས་གློག་བརྙན་དེའི་ནང་དུ་ཡོད་པའི་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་ཡིག་ཆེན་རྣམས་མེད་པ་བཟོ་རྒྱུ་འམ་ཡང་ན་གློག་བརྙན་དེ་གློག་བརྙན་ཁང་དུ་སྟོན་རྒྱུ་ཕྱིར་འཐེན་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པར་སོང༌། ཕྱི་ཟླ་༡༡ པའི་ཚེས་༧ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པས་འགོ་ཁྲིད་དེ་རྒྱ་གར་གློག་བརྙན་བཏང་འཛིན་ལས་ཁུངས་ཀྱིས་སྨྲ་བརྗོད་རང་དབང་ཐོབ་ཐང་འགལ་འཛོལ་བྱེད་ཀྱི་ཡོད་པའི་ངོ་རྒོལ་གནང་ཡོད་ཅིང༌། དེ་ཡང་བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། གློག་བརྙན་དེའི་ནང་གི་གཞས་ཤིག་ནི། རྡ་སའི་ཉེ་འགྲམས་ཀྱི་ནོར་བུ་གླིང་ཁར་རྒྱབ་པའི་སྐབས་བོད་པ་ཚོས་བོད་ཀྱི་རྒྱལ་དར་དང་བོད་རང་བཙན་གྱི་འཕྲེད་དར་འཁྱེར་ཡོད་པ་དེ། གློག་བརྙན་བཟོ་སྐྲུན་པས་གློག་བརྙན་དེའི་ནང་དུ་པར་ལེན་བྱས་ཡོད་པ་དེར་རྒྱ་གར་དབུས་གློག་བརྙན་བཏང་འཛིན་ལས་ཁུངས་ནས་བཀག་འགོག་བྱས་པའི་ཐག་གཅོད་དེར། ང་ཚོས་བློ་ཕམ་དགོས་པའི་གནས་སྟངས་ཤིག་བྱུང་སོང་ཞེས་དང༌། ཡང་དེང་སྐབས་བོད་ནང་དུ་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དེ་རྒྱ་གར་གཞུང་དང་མི་དམངས་ཀྱིས་མཁྱེན་རྟོགས་ཡོད་པའི་ཐོག་ནས། གློག་བརྙན་དེའི་ནང་དུ་ཡོད་པའི་བོད་ཀྱི་རྒྱལ་དར་དང་བོད་དོན་གྱི་འཕྲེད་དར་དེ་དག་རང་གནས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། ལྷག་པར་དུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཐོག་ནས་རྒྱ་གར་གྱི་གློག་བརྙན་བཏང་འཛིན་ལས་ཁུངས་ཀྱི་འགན་འཛིན་རྣམས་དང་མཇལ་འཕྲད་ཞུས་ཏེ་ང་ཚོའི་རེ་འབོད་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎