སུད་སི་གཞུང་གིས་རྒྱ་ནག་དང་ཕྱི་འབྲེལ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་གནང་དགོས་བའི་རེ་སྐུལ་ལས་འགུལ་སྤེལ་འདུག
སུད་བོད་མཐུན་གྲོགས་ཚོགས་པས་སྣེ་ཁྲིད་ནས་སུད་སི་གཞུང་གིས་རྒྱ་ནག་དང་ཕྱི་འབྲེལ་ཚོང་འབྲེལ་སྐབས་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་གནང་དགོས་བའི་རེ་སྐུལ་ལས་འགུལ་སྤེལ་འདུག
- 2024-08-15
-
-
-
སུད་སིའི་ཕྱི་འབྲེལ་བློན་ཆེན་མཆོག་གིས་རྒྱ་ནག་དང་མཉམ་དུ་ཕྱི་འབྲེལ་ཐད་གྲོས་གནང་རྒྱུ་ཡིན་པའི་སྐབས་དང་བསྟུན། འདི་ཚེས་༡༤ཉིན་སུད་བོད་མཐུན་གྲོགས་ཚོགས་པས་སྣེ་ཁྲིད་བྱས་ནས་སུད་སིའི་ཡུལ་མི་དང་བོད་མི། ཡུ་གུར་བ་བཅས་མི་གྲངས་བཅུ་ཕྲག་ཁ་ཤས་གཞུང་ལམ་གཡས་གཡོན་དུ་འཛོམས་ནས། ཕྱི་འབྲེལ་བློན་ཆེན་མཆོག་གིས་ཕྱི་འབྲེལ་གྲོས་མོལ་གནང་སྐབས་དཔལ་འབྱོར་ཁོ་ན་མིན་པར་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་གནང་དགོས་བའི་རེ་སྐུལ་ཡིག་ཆ་འགྲེམས་སྤེལ་གནང་བའི་ལས་འགུལ་སྤེལ་ཡོད་པ་རེད།
དེའི་ཐད་སུད་བོད་མཐུན་གྲོགས་ཚོགས་པའི་ས་གནས་འགན་འཛིན་ཝེ་ཁུ་ཊོ་རེ་ཡ་ལགས་ཀྱིས་ལས་འགུལ་སྤེལ་ཡུལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་སུད་སིའི་གློག་བརྙན་དུས་སྟོན་ཐེངས་༧༧པ་སུད་སི་ལྷོ་ཕྱོགས་སུ་གནང་བའི་སྐབས་དང་བསྟུན། སུད་སིའི་ཕྱི་འབྲེལ་བློན་ཆེན་མཆོག་གི་སྣེ་ཁྲིད་འོག་ཕྱིའི་གཞུང་ཚབ་རྣམས་དང་ལྷན་ཕྱི་འབྲེལ་གྲོས་མོལ་གནང་བཞིན་ཡོད་དུས། ང་ཚོས་གོ་སྐབས་འདི་བརྒྱུད་ཕྱི་འབྲེལ་སྐབས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཤིན་ཅིང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ཡོང་ཐབས་དགོས་བ་དང་། རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་སོགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སུད་སི་གཞུང་གིས་མཁྱེན་པའི་ཐོག སུད་སི་དང་རྒྱ་ནག་གཞུང་བར་རང་དབང་ཚོང་འབྲེལ་ཆིངས་ཡིག་བཞག་སྟེ་ལོ་བཅུའི་དུས་ཡུན་རྫོགས་ཀྱི་ཡོད་པ་དང་། སླར་ཡང་ཆིགས་ཡིག་འཇོག་དགོས་མིན་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་ཕྱོགས་ཀྱི་འགྱུར་བ་ཡོད་མིན་ལ་ལྟ་དགོས་བ་སུད་སིའི་ཕྱི་སྲིད་བློན་ཆེན་མཆོག་ལ་འབོད་སྐུལ་ཆེད་ལས་འགུལ་སྤེལ་བ་ཡིན་པ་འགྲེལ་བརྗོད་བྱུང་།
ཡང་སུད་བོད་མཐུན་གྲོགས་ཚོགས་པའི་ལམ་སྟོན་སྤོ་ལོ་ལགས་ཀྱིས། སུད་སིའི་གློག་བརྙན་དུས་སྟོན་སྐབས་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་མི་མང་པོ་འཛོམས་ཡོད་དུས། ད་ལྟའི་བོད་ནང་དཀའ་སྡུག་གི་གནས་སྟངས་ཡོད་པ་མི་མང་ལ་ཡིག་ཆ་འགྲེམས་སྤེལ་གྱི་ལམ་ནས་ངོ་སྤྲོད་དང་། རྒྱབ་སྐྱོར་གྱི་མིང་རྟགས་བསྡུ་རུབ་བྱས་ནས་ལས་འགུལ་སྤེལ་བཞིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་སུད་བོད་མཐུན་གྲོགས་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་བྱམས་པ་ལགས་ཀྱིས་གསུངས་ན། སུད་སི་དང་རྒྱ་ནག་གཞུང་བར་རང་དབང་ཚོང་འབྲེལ་གྱི་ཆིངས་ཡིག་བཞག་སྟེ་ལོ་བཅུའི་དུས་ཡུན་རྫོགས་ཀྱི་ཡོད་པར་བརྟེན་བོད་དོན་ཞུ་གཏུག་གི་ཞུ་སྐུལ་གྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཞུ་གཏུག་གི་ལས་འགུལ་བརྒྱུད་མཚན་རྟགས་བསྡུ་རུབ་བྱས་ནས་བོད་དོན་ཞུ་གཏུག་ཡིག་ཆ་སྤྱི་ཟླ་དགུ་བའི་ཟླ་དཀྱིལ་དུ་སུད་སི་གཞུང་ལ་ཕུལ་གྱི་ཡོད་འདུག
ཉེ་སྔོན་སྤྱི་ཟླ་༧པའི་ནང་རྒྱ་ནག་གི་ཕྱི་འབྲེལ་ཚོང་དོན་ལྷན་ཁང་གིས་ཕྱི་བསྒྲགས་བྱས་བའི་གནས་ཚུལ་ལྟར་ན། སུད་སི་དང་རྒྱ་ནག་གཞུང་བར་རང་དབང་ཚོང་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པ་རྒྱུན་མཐུད་རིམ་སྤོར་དགོས་མིན་གྲོས་མོལ་གང་མགྱོགས་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་པ་གསལ་འདུག་མོད། ཟླ་དུས་ཚེས་གྲངས་སོགས་ཁ་གསལ་མི་འདུག
གསར་འགོད་པ། རབ་སྒང་ཚེ་ཕུན། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།