སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་མང་པོ་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པར་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གནང་འདུག

2024.02.22
སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་མང་པོ་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པར་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གནང་འདུག ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་སུད་སིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁང་གི་མདུན་དུ་འཁྲབ་སྟོན་གྱི་ལམ་ནས་ངོ་རྒོལ་གནང་སྐབས། ༠༢།༢༡།༢༠༢༤
TYAE

དེ་ཡང་ཕྱི་ཟླ་གཉིས་པའི་ཚེས་༢༡་རེས་གཟའ་ལྷག་པའི་ཉིན་གྱི་དགོང་མོར། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་བདུན་སུད་སི་གྲོང་ཁྱེར་ཛུ་རིག་ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་འཁྲབ་སྟོན་གྱི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་ནི་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མིའི་གྲོང་ཚོ་དང་དགོན་པ་བཅུ་གྲངས་ཞིག་བཙན་ཤེད་ཀྱིས་གནས་སྤོར་བྱེད་དགོས་བའི་བཙན་བཀའ་གཏོང་བཞིན་པར་བརྟེན་ས་གནས་བོད་མི་ཚོར་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག རྒྱ་ནག་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞི་མང་པོ་སྤེལ་བས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་བོད་མིའི་འཚོ་གནས་ལ་ཉེན་ཁ་བཟོ་བ། བོད་ནི་ང་ཚོའི་ཕ་ཡུལ་ཙམ་མ་ཡིན་པར་འགྲོ་བ་མི་ས་ཡ་མང་པོའི་འཚོ་གནས་ཀྱི་རྟེན་གཞི་ཆུའི་ཐོན་ཁུངས་ཡིན་པས་མི་རབས་མང་པོར་གཅེས་འཛིན་དང་བདག་སྐྱོང་བྱ་དགོས་པ་ཞིག་ཡིན། ད་རེས་ངོ་རྒོལ་ལས་འགུལ་བརྒྱུད་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་དུ་འཛིན་བཟུང་བྱེད་པའི་བྱ་སྤྱོད་འགོག་ཐབས་ཡོང་བ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུའི་ཆེད་ཡིན་པ། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཕྱག་སྦྲེལ་ཚོགས་གཙོ་ཚེ་རིང་དགོན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

Protest in swiss sympathy with Derge (2).JPG
དེ་འབྲེལ་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཁམས་སྡེ་དགེ་རྫོང་ཁོངས་འབྲི་ཆུའི་འབབ་རྒྱུད་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་རྒྱུའི་ཆེད་དུ། ས་གནས་མང་ཚོགས་རྣམས་གནས་སྤོ་བྱ་དགོས་པའི་བཀོད་ཁྱབ་བཏང་བར་བརྟེན། ཉེ་ཆར་ཕྱི་ཟླ་གཉིས་པའི་ཚེས་༡༤ཉིན་ཉུང་མཐར་ས་གནས་བོད་མི་༣༠༠ཡས་མས་སྡེ་དགེ་ས་གནས་གཞུང་གི་ལས་ཁུངས་མདུན་དུ་འདུ་འཛོམས་བྱས་ཏེ་རྒྱ་ནག་གཞུང་གི་བཀོད་ཁྱབ་ལ་ངོ་རྒོལ་བྱས་ཤིང་། བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་པའི་བརྙན་པར་རྣམས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་(Weibo)་ཟེར་བའི་ཐོག་ཁྱབ་ཡོད་ཀྱང་རྒྱ་ནག་གཞུང་གིས་བརྙན་པར་དེ་དག་མཐོང་རྒྱུ་མེད་པ་བཟོས་ཡོད་པ་བཀོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་འབོད་མ་བྱས་པའི་གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས་བརྗོད་པར་གཞིགས་ན། ཕྱི་ཟླ་༢ཚེས་༢༢ རེས་གཟའ་ཕུར་བུའི་ཞོགས་པ་དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་ཁོངས་སུ་ཡོད་པའི་དབོན་སྟོད་དགོན་དང་ཡེ་ན་དགོན་གྱི་དགེ་འདུན་པ་དང་། དགོན་པའི་ཉེ་འཁོར་ལ་གནས་པའི་མང་ཚོགས་མང་ཆེ་བ་ས་གནས་ཀྱི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ཅིང་། སྐབས་དེ་དུས་ཟང་ཟིང་བྱུང་པའི་དབང་གིས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་བོད་མིའི་ཐོག་སུར་པན་གྱི་ཆུ་གཏོར་བ་དང་གློག་འཁྱུད་ལག་ཆ་བེད་སྤྱོད་བྱས་པར་བརྟེན། མི་མང་པོར་རྨས་སྐྱོན་ཕོག་པ་དང་ཛ་དྲག་ངང་ཁག་ཅིག་སྡེ་དགེ་རྫོང་གི་སྨན་ཁང་དུ་མྱུར་སྐྱོབ་ཆེད་བསྐྱལ་དགོས་བྱུང་ཡོད་འདུག


གསར་འགོད་པ། གཡུ་སྒྲོན། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎