རྒྱ་ནག་གཞུང་གིས་བོད་ནང་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་པ་ཁག་གི་སློབ་མ་ཚོ་གཞུང་གི་སློབ་གྲྭར་བཅུག་ཡོད་འདུག
རྒྱ་ནག་གཞུང་གིས་འདས་བའི་ལོ་གསུམ་ནང་རྒྱ་བསྒྱུར་སློབ་གསོ་ཞེས་པའི་ལས་འགུལ་འོག་བོད་ནང་གི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་པའི་ཁྲོད་སློབ་གྲྭ་དྲུག་གི་མིང་དངོས་སུ་ཤེས་རྟོགས་བྱུང་ཡོད།
- 2023-04-14
-
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནང་། བོད་ཀྱི་ས་ཁུལ་མང་པོའི་ནང་བོད་མི་སྒེར་ངོས་ནས་ཆེད་འཛུགས་བྱས་པའི་སྒེར་གཉེར་སློབ་གྲྭ་མང་དག་ཅིག སྲིད་གཞུང་གི་ཤེས་ཡོན་སྲིད་བྱུས་འོག་ཏུ་འགྲོ་དགོས་པའི་བཀོད་ཁྱབ་འོག་སྒོ་རྒྱག་བཅུག་ཡོད་པ་བཞིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་ནང་གི་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བའི་ཁྲོད། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོ་ནས་བཟུང་འདས་པའི་ལོ་གསུམ་ནང་། མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། རྨ་ཆེན་རྫོང་གཅེས་ཕྲུག་སློབ་གྲྭ་སྒོ་བརྒྱབ་ཡོད་པ་དང་། གཞན་ཡང་ཕྱི་ལོ་༢༠༢༢ལོར་དཀར་མཛེས་ཁུལ་བྲག་མགོ་རྫོང་དགེ་ལྡན་ནང་བསྟན་སློབ་གྲྭ་དང་། རྫ་སེར་ཤུལ་རྫོང་ནས་ཕན་བདེ་གཅེས་སྐྱོང་སློབ་གྲྭ ཕྱག་ཚྭ་ལྟེ་བའི་སྒེར་གཉེར་སློབ་ཆུང་། གཞན་ཡང་དཀར་མཛེས་ཁུལ་ཏྲེ་ཧོར་དར་རྒྱས་རོང་པ་ཚ་ཡུལ་ཚོའི་རྒྱལ་བསྟན་དགེ་རྩ་སློབ་གྲྭ་སོགས་སྒོ་བརྒྱབ་ཡོད་པ་དང་། སློབ་གྲྭ་དེ་དག་ལ་དེ་སྔོན་རྒྱ་ནག་གཞུང་འབྲེལ་ངོས་ནས་གཉེར་ཆོག་པའི་ཆོག་མཆན་ཚང་མ་སྤྲད་ཡོད་ཀྱང་། སྒེར་གཉེར་སློབ་གྲྭ་ཁག་གི་ནང་བོད་ཡིག་ཆེད་སྦྱོང་གི་སློབ་གསོ་སྤྲོད་བཞིན་ཡོད་པས་སྒོ་བརྒྱབ་པ་ཡིན་པ་བོད་ནང་གི་འབྲེལ་ཡོད་དགེ་རྒན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་སློབ་གྲྭ་ཁག་དེ་དག་ནི། མང་ཆེ་བ་སློབ་ཆུང་སློབ་གྲྭ་ཡིན་པ་དང་། དཔེར་ན་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༨པའི་ནང་སྒོ་བརྒྱབ་པའི་རྒྱལ་བསྟན་དགེ་རྩ་སློབ་གྲྭ་ལྟ་བུར་མཚོན་ན། སློབ་ཆུང་འཛིན་རིམ་དང་པོ་ནས་དྲུག་པ་བར་ཡོད་པ་དང་། སློབ་གྲྭའི་སློབ་ཚན་ལ་དབྱིན་ཡིག་དང་རྒྱ་ཡིག་གི་སྐད་ཡིག་ལས། གཞན་པའི་རྩིས་དངོས་རྫས་གསུམ་སློབ་ཚན་ཚང་མ་བོད་སྐད་ཡིག་ནང་དུ་ཡོད་པ་དང་། སློབ་གྲྭ་དེ་སྒོ་རྒྱག་སྐབས་བོད་རིགས་རྐྱང་གི་སློབ་ཕྲུག་༦༠༠ལྷག་ཡོད་འདུག་ལ། སློབ་གྲྭ་དེའི་སློབ་མ་ཚང་མ་ཏྲེ་ཧོར་རོང་པ་ཚྭ་གྲོང་ཚོའི་ལྟེ་བའི་གཞུང་གཉེར་སློབ་ཆུང་ནང་བཅུག་ཡོད་འདུག་ལ། གཞུང་གཉེར་སློབ་གྲྭ་དེར་སློབ་ཚན་ཚང་མ་རྒྱ་ཡིག་ནང་ཡོད་པ་མ་ཟད། སྒེར་གཉེར་སློབ་གྲྭའི་སློབ་མ་ཚོ་གཞུང་གི་སློབ་གྲྭ་ཁག་ཏུ་ཁྲིད་རྗེས། ཟླ་བ་གཉིས་ནས་གསུམ་བར་བཙན་ཐབས་ཀྱིས་ཁ་སྣོན་སློབ་གསོ་ཞེས་རྒྱ་ནག་གཞུང་འབྲེལ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་འདུག་ལ། ཕ་མ་ཚོར་འདོད་མོས་མེད་ཀྱང་ཚོགས་འདུ་འདྲ་མིན་བརྒྱུད་ངེས་པར་དུ་བྱིས་པ་གཞུང་གི་སློབ་གྲྭ་ཁག་ཏུ་གཏོང་དགོས་པ་བཟོ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༨ནང་སྒོ་བརྒྱབ་པའི་བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭའི་ནང་སློབ་ཆུང་འཛིན་རིམ་དྲུག་པ་བར་ཡོད་པ་དང་། སློབ་ཚན་ཚང་མ་བོད་སྐད་ཡིག་དང་ནང་བསྟན་གཞུང་ལ་སློབ་གཉེར་བྱེད་བཞིན་གནས་ཡོད། དེ་བཞིན་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༧ཚེས་༡༠ཉིན་སྒོ་བརྒྱབ་པའི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། དེ་བཞིན་རྨ་ཆེན་རྫོང་གཅེས་ཕྲུག་སློབ་གྲྭ་སོགས་སུ་བོད་སྐད་ཡིག་རྐྱང་བའི་སློབ་ཁྲིད་བྱེད་བཞིན་པ་མ་ཟད། སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་རྗེས་སློབ་ཕྲུག་༧༠༠ལྷག་ས་གནས་མགོ་ལོག་དར་ལོག་རྫོང་གི་ཤང་གཞུང་གཉེར་སློབ་གྲྭའི་ནང་བཏང་ཡོད་པ་རེད།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་དེ་མིན་ཕྱི་ལོ་༢༠༢༢ལོར་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག་དང་། རྨ་ཆེན་རྫོང་གི་སྒེར་གཉེར་སློབ་གྲྭ་གཉིས། གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒོ་བརྒྱབ་ཡོད་ན་ཡང་། ད་ལྟའི་ཆར་སློབ་གྲྭ་ཁག་ཅིག་གི་མིང་ཤེས་རྟོགས་ཐུབ་ཀྱི་མི་འདུག འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་སྒེར་གཉེར་སློབ་གྲྭ་ནས་གཞུང་གི་སློབ་གྲྭར་ཕྱིན་པའི་སློབ་ཕྲུག་༢༠༠ལྷག་ལ་སྐད་ཆ་དྲིས་ཏེ། གཞུང་གཉེར་སློབ་གྲྭའི་ནང་སློབ་ཚན་དང་སློབ་ཁྲིད་སོགས་ག་འདྲ་ཡོད་མེད་ཐད་སྐད་ཆ་དྲིས་མོད། མང་ཆེ་བས་ཁ་གཅིག་གྲགས་ཀྱིས་རྒྱ་ཡིག་རྒྱ་སྐད་ལམ་ནས་སློབ་ཚན་ཁག་ཤེས་རྟོགས་ཡག་པོ་ཡོང་རྒྱུར་དཀའ་ངལ་བྱུང་གི་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༣ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་རྒྱ་བསྒྱུར་སློབ་གསོ་ལག་བསྟར་གྱིས་སློབ་ཆུང་སྔོན་འགྲོ་ནས་བཟུང་རྒྱ་ཡིག་རྒྱ་སྐད་རྐྱང་གིས་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། བོད་ནང་གི་མདོ་སྟོད་སྨད་གཉིས་སུ་ཕྱི་ལོ་༢༠༢༡ཙམ་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད། འབྲེལ་ཡོད་སློབ་ཕྲུག་གི་ཁྱིམ་བདག་གཅིག་ནས་ད་ལྟའི་ཆར་མཚོ་སྔོན་མགོ་ལོག་ཕྱོགས་སུ་སློབ་ཁྲིད་ཐབས་ལམ་གཉིས་པ་ཞེས་རྒྱ་སྒྱུར་སློབ་གསོའི་སློབ་ཁྲིད་དངོས་སུ་ལག་བསྟར་བྱས་ཡོད་ཀྱང་། རྔ་བ་དང་མཛོད་དགེ་ཕྱོགས་སུ་ད་དུང་ལག་བསྟར་བྱས་མེད་པ་དང་། གཙོ་བོ་སྲིད་གཞུང་གིས་རྒྱ་སྒྱུར་སློབ་གསོ་ལག་བསྟར་ལས་སླ་བོ་བྱེད་ཐུབ་པའི་རྒྱུ་མཚན་གཅིག་དེ། རོང་འབྲོག་མང་ཚོགས་མང་པོ་ཞིག་གིས་གཞུང་གཉེར་སློབ་གྲྭ་ཁག་ཏུ་བྱིས་པར་སློབ་ཁྲིད་ག་རེ་བྱེད་བཞིན་ཡོད་པའི་ཐད་དོ་སྣང་མེད་པས། གཞུང་གིས་སློབ་གྲྭ་ཁག་ཏུ་སློབ་གསོ་འདྲ་མིན་ལག་བསྟར་བྱས་ཀྱང་ལས་སླ་བོ་ཆགས་ཡོད་པ་བརྗོད་བཞིན་འདུག
གཞན་ཡང་ཕྱི་ལོ་༢༠༢༢ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་གྲགས་ཅན་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དང་། རྟ་བྲག་དྭ་ཕྲུག་སློབ་གྲྭ་སོགས་སུ་སློབ་གྲྭའི་ནང་གྲྭ་བ་དགེ་རྒན་ཡོང་མི་ཆོག་པ་དང་། ཡོང་བཅུག་ན་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་དོན་གཙོ་བོ་ལོ་ལྔ་ཚན་བཅུ་གསུམ་གྱི་ལས་འཆར་ཞེས་པའི་ནང་། སྤྱི་ལོ་༢༠༢༥་ལོ་སླེབས་དུས་སྤྱི་ཁྱབ་སྐད་ཡིག་གམ་རྒྱ་སྐད་དེ་བཞིན་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་༨༥་ཡིས་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ་དང་། ཕྱི་ལོ་༢༠༣༥་སླེབས་སྐབས་སྤྱི་ཁྱབ་སྐད་ཡིག་རྒྱ་སྐད་དེ་བཞིན་བརྒྱ་ཆ་༡༠༠བཅས་གྲོང་གསེབ་དང་བཅས་ཡོངས་ཁྱབ་བཟོ་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།