བོད་ཕྱི་ནང་གཉིས་སུ་མེ་སྤྲེལ་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བ།

གཞིས་བྱེས་བོད་མི་ཚོས་བོད་རྒྱལ་ལོ་༢༡༤༣མེ་སྤྲེལ་བོད་ཀྱི་ལོ་གསར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་བཞིན་པ་རེད།

བཞུགས་སྒར་རྡ་རམ་སཱ་ལར་གཞུང་འབྲེལ་བོད་ཀྱི་ལོ་གསར་མཛད་སྒོ་ཚོགས་བཞིན་པ། ༢༠༡༦།༢།༩ བསྟན་འཛིན་དོན་ཡོད།/RFA

དེ་ཡང་སྤྱི་ལོ༢༠༡༦ལོའི་ཟླ་༢ཚེས༩ཉིན། བོད་རྒྱལ་ལོ་༢༡༤༣མེ་སྤྲེལ་བོད་ཀྱི་གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་བཞུགས་སྒར་རྡ་རམ་ས་ལ་དབུས་པའི་བོད་ཕྱི་ནང་སུ་གནས་པའི་བོད་མི་རྣམས་ཀྱིས་གཟབ་རྒྱས་ངང་སྲུང་བརྩི་ཞུ་བཞིན་པ་རེད།
དེ་རིང་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན། རྣམ་ཀུན་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་གམས་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། དགེ་འདུན་པ་དབུ་ཞུགས་ཐོག་འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོར་ཚེ་གཏོར་གཟབ་གསོལ་ཕུལ་ཞིང་། སྐབས་དེར་དབུས་བོད་མིའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ། དེ་མིན་བཀའ་བློན་ཁག་གཅིག་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་ཡང་ལྷན་ཞུགས་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཨ་རིར་ཕྱོགས་བསྐྱོད་གནང་ཟིན་ཞིང་། དེ་མིན་གྱི་བཀའ་བློན་ཁག་གཅིག་རྡ་སར་ཞུགས་མེད་པ་ཡིན་འདུག
ཚེ་གཏོར་གྲུབ་རྗེས་གཙུག་ལག་ཁང་གི་འདུ་ཁང་ཨ་མའི་ནང་སྔར་གསོལ་ལྟར་རྒྱལ་པོ་ལོ་གསར་སྲུང་བརྩི་ཞུས་ཡོད་པ་རེད།
ཉིན་ཤས་གོང་༧གོང་ས་མཆོག་གིས་ཨ་མི་རི་ཀ་ནས། གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི་དང་འབྲེལ་སྐུ་ཉིད་སྐུ་ཁམས་གསལ་ཐང་ངང་བཞུགས་ཡོད་པ་གསུངས་འཕྲིན་བསྩལ་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

 

༄༅། །བཞུགས་སྒར་དུ་མེ་སྤྲེལ་ལོའི་བོད་ཀྱི་ལོ་གསར་ཚེས་གཅིག་གི་གཞུང་འབྲེལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་བའི་སྐོར་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་སྙན་སྒྲོན་ཞུས་པ་གསན་རོགས་གནང།

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org