ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་བར་འདུ་འཛོམས་གནང་འདུག
ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་བར་འདུ་འཛོམས་དང་༧གོང་ས་མཆོག་གི་ཕྱག་དེབ་གསར་ཤོས་ངོ་སྤྲོད་གནང་འདུག
- 2025-01-27
-
-
-
སྤྱི་ལོ་གསར་ཚེས་དང་བསྟུན་སྤྱི་ཟླ་དང་པོའི་ཚེས་ ༢༤ ཉིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། འོད་གསལ་གསར་ཁང་(IPK Media)་གཉིས་མཉམ་འབྲེལ་གྱི་ཐོག་ནས་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཡོད་པའི་རྒྱ་རིགས་རྣམས་ལ་འབྲེལ་མཐུད་ཀྱི་ལོ་རེའི་འདུ་འཛོམས་གནང་ཡོད་པ་དང་། འདུ་འཛོམས་སྟེང་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། འོད་གསལ་གསར་ཁང་གི་འགན་འཛིན་ཝང་རོས་ཆིན་ལགས། དེ་བཞིན་རྒྱ་ནག་གི་རང་དབང་དང་དམངས་གཙོའི་ལས་འགུལ་བ་སྐུ་ཞབས་ཀོ་བོའོ་ཧྲིང་ལགས་དང་། སྐུ་ཞབས་ཝུ་ཁྲོའོ་ཡང་ལགས། ལོ་ཧྲིང་ཁྲུན་ལགས་བཅས་གཙོས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། རྒྱལ་སའི་མངའ་ཁུལ་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་རྒྱ་རིགས་སློབ་ཕྲུག་ཁག་ཅིག སློབ་སྟོན་བསྟི་གནས་ཁང་འགའི་རྒྱ་ནག་སྲིད་བྱུས་ཉམས་ཞིབ་པ་སོགས་མཉམ་ཞུགས་གནང་ཡོད་པ་དང་། དམིགས་ཡུལ་གཙོ་བོ་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་དང་རྒྱ་རིགས་བར་སྡིངས་ཆ་བསྐྲུན་ནས་ཕན་ཚུན་ངོ་ཤེས་དང་བསམ་ཚུལ་བརྗེ་རེས་ཆེད་དུ་ཡིན་པ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
སྐབས་དེར་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་ནི་དོན་ཁང་གི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། ལོ་མང་རིང་ཚོགས་འདུ་མང་པོ་གོ་སྒྲིག་ཞུ་བཞིན་ཡོད་ལ་ལོ་ལྟར་རྒྱལ་སའི་མངའ་ཁུལ་དུ་འདུ་འཛོམས་འདི་ལྟ་བུ་བརྒྱུད་རྒྱ་རིགས་རྣམས་དང་འབྲེལ་བ་ཟབ་ཏུ་ཡོང་ཐབས་བྱེད་བཞིན་ཡོད་པ་གསུངས་བ་དང་མཉམ། སྐབས་དེར་ཁོང་གིས་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་མགྲིན་པ་མེད་པ་རྣམས་ཀྱི་མགྲིན་ཚབ་པ་དབྱིན་ཡིག་ཐོག་(Voice For The Voiceless)་མགྱོགས་མྱུར་པར་བསྐྲུན་ཡོང་བཞིན་པ་དང་། ཕྱག་དེབ་དེའི་ནང་སྤྱི་ནོར་༧གོང་ས་སྐྱབསམགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་བདུན་རིང་རྒྱ་ནག་དང་འབྲེལ་བ་ཇི་བྱུང་འགྲེལ་བརྗོད་ཧ་ཅང་རྒྱས་པ་གནང་ཡོད་པས། མི་ཀློག་ཐབས་མེད་ཀྱི་ཕྱག་དེབ་གལ་ཆེན་ཞིག་ཡིན་པ་སོགས་ངོ་སྤྲོད་དང་སྦྲགས་རྒྱ་རིགས་ཚོས་ཕྱག་དེབ་དེ་ངེས་པར་དུ་ཀློག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
དེའི་རྗེས་རྒྱ་རིགས་ཝང་རོས་ཆིན་ལགས་དང་། ཀོ་བོའོ་ཧྲིང་ལགས། ཝུ་ཁྲོའོ་ཡང་ལགས། ལོ་ཧྲིང་ཁྲུན་ལགས་བཅས་ཀྱིས་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཤེས་རབ་ཕྱུག་ལ་རྣམ་དཔྱོད་ལྡན་པའི་དབུ་ཁྲིད་ཞིག་ཡིན་པས། ཁོང་གི་མཛད་རྗེས་བོད་མི་ཙམ་མིན་པར་འཛམ་གླིང་མི་མང་ལ་ཕན་བདེ་སྒྲུབ་པའི་ཡོན་ཏན་ལྡན་པ་འགྲེལ་བརྗོད་ཞུས་བ་དང་མཉམ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་ཏླ་ལའི་བླ་མ་མཆོག་གིས་སྔར་ནས་མཛུབ་སྟོན་གནང་ཡོད་ཀྱང་། རྒྱ་ནག་དམར་ཤོག་གཞུང་གི་མཁྲེགས་འཛིན་འགོ་ཁྲིད་ཚོས་གོ་སྐབས་དམ་འཛིན་ཐུབ་མེད་པར་སྐྱོན་བརྗོད་གནང་འདུག
ད་དུང་འདུ་འཛོམས་ཐོག་བོད་དོན་དང་། རྒྱ་ནག་གི་དམངས་གཙོའི་གནས་བབ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས། རྒྱ་རིགས་དང་བོད་རིགས་བར་རིན་ཐང་ལྡན་པའི་འབྲེལ་ལམ་རྒྱུན་འཛིན་དང་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་ཐད་བསམ་འཆར་དང་བཀའ་མོལ་གནང་ཡོད་འདུག
གསར་འགོད་པ། ཨ་སྒྲོན། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།