ཨ་རི་དང་ཡོ་རོབ་སོགས་ས་ཁུལ་མང་པོར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་འདུག

འདི་ཚེས་༦ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༨ལ་ཕེབས་པའི་འཁྲུངས་སྐར་ཉིན། བོད་མི་གནས་སྡོད་ས་གནས་ཁག་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་དད་ལྡན་པ་དང་༧གོང་ས་མཆོག་ལ་དགའ་མོས་བྱེད་མཁན་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་གནང་དང་གནང་བཞིན་པ་ལྟར། ཚེས་༦ཉིན་གྱི་སྔ་དྲོ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོས་རྭ་རྒྱ་ཆོས་ཚོགས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་བ་དང་། ཕྱི་དྲོ་ཨ་རིའི་རྒྱལ་སར་ཡོད་པའི་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ། བོད་ཀྱི་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་འཁྲུངས་སྐར་མཛད་སྒོ་གོ་སྒྲིག་གནང་བའི་ཐོག ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཆེད་ཕེབས་གནང་བ་མ་ཟད། བོད་དོན་གཏམ་བཤད་གནང་སྐབས། ཁོང་མོ་ལོ་སྔོན་མའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་བའི་གོ་སྐབས་བྱུང་བ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདིར་ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པ་ཁོང་གི་སྐུ་ཚེ་ཧྲིལ་བོ་འཛམ་གླིང་ཁྱོན་དུ་མཐུན་སྒྲིལ་དང་ཞི་བདེ་གོང་སྤེལ་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད། ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཡོང་ཆེད་བོད་དོན་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་བརྟན་པོ་ཡོད་ཅེས་ནན་བརྗོད་གནང་ཡོད་པ་རེད།
ཡོ་རོབ་ཀྱི་ཡུལ་གྲུ་ཧྥ་རན་སིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཧྥ་རན་སིའི་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཡན་ལག་ལས་ཁུངས་གཉིས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། མཛད་སྒོའི་ཐོག་ཕ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། གྲོང་ཁྱེར་སྤྱི་ཁྱབ། ཁུལ་དེར་ཡོད་པའི་ཐེ་ཝན་གཞུང་ཚབ་ཁང་གི་སྐུ་ཚབ་སོགས་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Jacqueline Eustache-Brinio)་ལགས་ཀྱིས་བོད་དོན་བདེན་མཐའ་མ་སེལ་བར་དུ་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་གནང་གི་ཡིན་ཞེས་བོད་དོན་གཏམ་བཤད་གནང་ཡོད་འདུག
ཕྱོགས་མཚུངས་ཕྱི་ཟླ་བདུན་པའི་ཚེས་༥ཉིན་བྷ་ར་སིལ་སི་སྐུ་ཚབ་དོན་གཅོད་ཁང་གིས་སྐུའི་འཁྲུངས་སྐར་དུས་ཆེན་ཡོ་རོབ་སྤྱི་མཐུན་གྱི་མཛད་འཆར་དང་བསྟུན་ཏེ་མཛད་སྒོ་སྔ་སྣུར་གྱིས་སྲུང་བརྩི་ཞུས་གནང་སྐབས། ཡོ་རོབ་སྤྱི་མཐུན་གྱི་སྐུ་ཚབ་དང་། བྷེལ་ཇམ་གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་ཡོ་རོབ་སྤྱི་མཐུན་ནང་ཡོད་པའི་ཨ་མི་རི་ཀའི་སྐུ་ཚབ་སོགས་གནད་ཡོད་མི་སྣ་བརྒྱ་སྐོར་ཞིག་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།