སྐར་མ་དོན་གྲུབ་ལགས་སུ་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་ཨ་རིའི་ལས་བྱེད་པའི་ཕྲུ་གུའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་འདུག

2023.07.20
སྐར་མ་དོན་གྲུབ་ལགས་སུ་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་ཨ་རིའི་ལས་བྱེད་པའི་ཕྲུ་གུའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་འདུག ཚེས་༡༩་ཉིན་ཨ་རིའི་ཕྱི་སྲིིད་ལྷན་ཁང་དུ་བྱ་དགའ་སྤྲོད་པའི་མཛད་སྒོའི་སྐབས། ༠༧།༡༩།༢༠༢༣
RFA

ཨ་རིའི་ཕྱི་སྲིད་ལྷན་ཁང་ཁོངས་སུ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཞབས་འདེགས་ཞུ་བཞིན་པའི་ལས་བྱེད་པའི་ཕྲུ་གུའི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨ་ཧྥི་རི་ཀའི་(Zimbabwe)་རྒྱལ་ཁབ་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་ཕྱག་ལས་གནང་བཞིན་པའི་ཕ་ཚེ་རིང་དོན་གྲུབ་ལགས་དང་། མ་(Marialace Ariens)་གཉིས་ཀྱི་བུ་རང་ལོ་༡༣་ཡིན་པའི་སྐར་མ་དོན་གྲུབ་ལགས་སུ་ཨང་དང་པོའི་བྱ་དགའ་ཐོབ་འདུག
དེ་ཡང་འདི་ཚེས་༡༩་ཉིན་ཨ་རིའི་ཕྱི་སྲིིད་ལྷན་ཁང་དུ་ཕྱིའི་རྒྱལ་ཁག་ཏུ་ཞབས་འདེགས་ཞུ་བཞིན་པའི་གཞོན་སྐྱེས་ཁག་ཅིག་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་ཨ་རིའི་ཕྱི་སྲིད་ལྷན་ཁང་ཁོངས་སུ་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་ཞབས་འདེགས་ཞུ་བཞིན་པའི་ལས་བྱེད་པའི་ཕྲུ་གུ་སློབ་གྲྭ་འབྲིང་བ་དང་། མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད། འབྲིང་རིམ་སློབ་གྲྭའི་སློབ་མའི་རྩོམ་ཡིག་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་སྐར་མ་དོན་གྲུབ་ལགས་ཡིན་པའི་སྐོར། ཕྱི་རྒྱལ་དུ་གཞོན་སྐྱེས་ཞབས་ཞུ་ཐེབས་རྩའི་འགན་འཛིན་(John Naland)་ལགས་ཀྱིས་ངོ་སྤྲོད་དང་གསལ་བསྒྲགས་གནང་ཡོད་པ་རེད།
སྐར་མ་དོན་གྲུབ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་ནང་། ཁོང་ཨ་ཧྥི་རི་ཀའི་ཁན་སྒོ་རྒྱལ་ཁབ་ནང་སྡོད་སྐབས་ཀྱི་ཉམས་མྱོང་བྲིས་ནས། མ་འོངས་བར་བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་བྱམས་པ་དང་བརྩེ་བ་གཞིར་བཞག་ནས་དབུལ་ཕོངས་ལ་རོགས་སྐྱོར་གནང་རྒྱུའི་ཆོད་སེམས་ཡོད་པའི་སྐོར་བྲིས་ཡོད་པ་དང་། ད་རེས་བྱ་དགའ་ཐོབ་པ་དེ་ཁོ་རང་གི་འབྱུང་འགྱུར་གྱི་འབད་བརྩོན་ལའང་སྐུལ་འདེད་ཆེན་པོ་ཞིག་ཡིན་ཞིང་། ང་རང་ཉིད་ལ་མཚོན་ནའང་འཛམ་གླིང་གི་ས་ཕྱོགས་གང་སར་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་ཀྱི་བྱིས་པ་དེ་འདྲའི་མང་བོ་ཞིག་གི་ནང་དུ་བོད་པ་ཞིག་ལ་བོད་ཀྱི་བྱམས་སྙིང་རྗེ་བརྗོད་གཞིར་བཟུང་བའི་རྩོམ་ཡིག་ལ་བྱ་དགའ་ཨང་དང་པོ་ཐོབ་པར་དགའ་སྤོབས་སྐྱེས་བྱུང་ཞེས། སྐར་མ་གནམ་སྐྱོང་ངམ་སྐར་མ་དོན་གྲུབ་ལགས་ཀྱིས་ཁ་པར་བརྒྱུད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

Karma dondup (2).jpg

སྐར་མ་དོན་གྲུབ་ཀྱི་ཕ་ཚེ་རིང་དོན་གྲུབ་ལགས་དང་། མ་(Marialace Ariens)་གཉིས་ཀྱིས་༢༠༡༨ནས་༢༠༡༩བར་ལོ་ངོ་གཉིས་རིང་། ཨ་ཧྥི་རི་ཀའི་ཁན་སྒོ་རྒྱལ་ཁབ་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་ལས་ཀ་བྱས་བ་དང་། ༢༠༢༠་ལོ་ནས་ཨ་ཧྥི་རི་ཀའི་(Zimbabwe)་རྒྱལ་ཁབ་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་ལས་ཀ་བྱེད་བཞིན་ཡོད་ཅིང་། སྐར་མ་དོན་གྲུབ་ལགས་ཀྱི་ཕ་ཡུལ་ལམ་ཨ་ཕ་ཚེ་རིང་དོན་གྲུབ་ལགས་ནི་མདོ་སྨད་རེབ་ཀོང་ལྕང་སྐྱ་སྡེ་བར་ཚོ་ཆེན་ལྔ་ཡོད་པ་ལས་ཆུ་ཁ་ཚོ་བ་ཞེས་པ་དེ་ཡིན་ལ། སྤྱི་ལོ་༡༩༩༩ལོར་ཨ་རིར་ཕེབས་པ་ཞིག་ཡིན་འདུག
ཨ་རིའི་ཕྱི་སྲིིད་ལྷན་ཁང་གི་ཕྱི་རྒྱལ་དུ་གཞོན་སྐྱེས་ཞབས་ཞུ་ཐེབས་རྩས་ལོ་ལྟར་ཕྱིའི་རྒྱལ་ཁབ་ཁག་ཏུ་ཨ་རིའི་ཕྱི་འབྲེལ་ལས་དོན་ཆེད་ཞབས་འདེགས་ཞུ་བཞིན་པའི་ལས་བྱེད་པའི་ཕྲུ་གུ་རྣམས་ལ་རང་ཉིད་ཀྱི་ཉམས་མྱོང་དང་། རྣམ་དཔྱོད་སོགས་རྩོམ་ཡིག་དང་སྒྱུ་རྩལ་གྱི་ལམ་ནས་གསལ་སྟོན་ཐུབ་པའི་གོ་སྐབས་དང་སེམས་ཤུགས་སྤྲོད་ཆེད་རྩོམ་ཡིག་གྲགས་འདེམས་བྱས་ནས་གཟེངས་རྟགས་གནང་གི་ཡོད་པ་རེད་འདུག


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎