ས་ག་ཟླ་བའི་རིང་བོད་ནང་གི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་དམ་དྲག་སྟངས་འཛིན།

ས་ག་ཟླ་བའི་རིང་རྒྱ་ནག་གཞུང་གིས་བོད་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་ལ་སྟངས་འཛིན་བྱས་ཐོག་དམར་ཤོག་ཚོགས་མི་གཙོས་ལས་བྱེད་པ་དང་སློབ་ཕྲུག་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག

ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དང་རྒྱ་ནག་གི་ཉེན་རྟོག་པ། ༥།༢༠༢༡ བོད་འབྱོར།/RFA

ས་ག་ཟླ་བའི་རིང་རྒྱ་ནག་གཞུང་གིས་བོད་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་ལ་སྟངས་འཛིན་བྱས་ཐོག་དམར་ཤོག་ཚོགས་པའི་ཚོགས་མི་གཙོས་ལས་བྱེད་པ་དང་སློབ་ཕྲུག་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནས་འབྲེལ་ཡོད་མི་སྣ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་སྔོན་འགོག་བྱེད་དགོས་ཚུལ་བཤད་ནས། ད་ལོར་ས་ག་ཟླ་བའི་རིང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་དགོན་སྡེ་ཁག་དང་བོད་མི་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་སྤེལ་རྒྱུར་དམ་དྲག་སྟངས་འཛིན་བྱེད་བཞིན་པ་དང་། ལྷག་པར་མི་ཚོགས་འདུ་འཛོམས་ཀྱི་ཆོས་ཕྱོགས་བྱེད་སྒོ་རིགས་ལ་ས་གནས་རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་རྩ་བ་ནས་སྤེལ་མི་ཆོག་པའི་ཁྱབ་བསྒྲགས་བྱས་འདུག ཡིན་ན་ཡང་དེང་སྐབས་རྒྱ་ནག་ནང་ཁུལ་ནས་རྒྱ་མི་རིགས་མང་པོ་བོད་ནང་ཡུལ་སྐོར་གནས་སྐོར་ཡོང་མཁན་ཧ་ཅང་ལ་མང་ལ་ལྷ་སའི་ནང་འཚང་ཁ་ཆེ་བར་དམ་དྲག་སྟངས་འཛིན་གང་ཡང་མེད་པ་ཞིག་མཐོང་བྱུང་ཅེས་ངོ་སྤྲོད་གནང་བྱུང་།
ད་དུང་གནས་ཚུལ་ངོ་སྤྲོད་པས་གསུངས་ན། ས་ག་ཟླ་བའི་རིང་བོད་ཀྱི་ས་ཁུལ་གང་སར་བོད་བརྒྱུད་ནང་བའི་དགོན་སྡེ་ཁག་གཙོས་བོད་མི་ཚོས་ཕྱག་སྐོར་བྱེད་བ་སོགས་ཆོས་ཕྱོགས་ཀྱི་རྣམ་དཀར་དགེ་བའི་ལས་གང་ཐུབ་འབད་སྲོལ་ཡོད་པའི་སྐབས་དང་བསྟུན། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་སོ་སོའི་ཁོངས་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཚན་པ་ཁག་གི་བོད་རིགས་དམར་ཤོག་ཚོགས་མི་གཙོས་རྒྱ་ནག་གཞུང་གི་ལས་བྱེད་པ་དང་། སློབ་ཕྲུག་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་དམ་དྲག་བྱེད་བཞིན་པ་ཟད། དམར་ཤོག་ཚོགས་པའི་ཚོགས་མི་ལས་བྱེད་ཡིན་པ་ཚོས་སྣེ་ཁྲིད་ནས་སྤྱི་ཚོགས་ནང་རང་གི་ཆོས་དད་ནང་མི་དང་གཉེན་ཉེ་ཚོར་ཆོས་ལུགས་ཀྱི་འདུ་ཤེས་ཉམས་ཞན་དུ་གཏོང་རྒྱུར་ཁ་བརྡ་བྱས་ནས། གང་ཐུབ་ཅི་ཐུབ་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོར་མི་ཞུགས་པའམ་ཉུང་ཙམ་ལས་མི་ཞུགས་པ་དང་། བསང་མཆོད་ཙམ་ཡིན་ཡང་ཤེས་དཔལ་ཚུལ་ལྡན་གྱི་སྒོ་ནས་བྱེད་དགོས་བ་སོགས་ཀྱི་སློབ་གསོ་རྒྱག་བཞིན་པ་ངོ་སྤྲོད་གནང་བྱུང་།
ཉེ་ལམ་ཟླ་ཤས་གོང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་བསང་ཁུང་ཁ་བཀབ་ནས། གཙུག་ལག་ཁང་གི་མདུན་གཙོས་ས་གནས་མང་པོར་བོད་མི་ཚོས་བསང་གསོལ་བྱེད་རྒྱུ་བཀག་སྡོམ་སྟངས་འཛིན་བྱས་ཡོད་པ་དང་། གཞན་གཙུག་ལག་ཁང་གི་མདུན་སྒོའི་རྡོ་གཅལ་ཐང་དུ་ལོ་ངོ་མང་པོའི་རིང་ནམ་རྒྱུན་དད་ལྡན་པ་མང་པོས་འཚང་ཁའི་ངང་ཕྱག་འཚལ་ནས་གསོལ་བ་སྨོན་ལམ་རྒྱག་ས་ད་ཆ་ལྕགས་དྲྭས་སྐོར་ནས་བཀག་པ་དང་མཉམ་ཕྱག་འཚལ་ས་མེད་པར་བཟོས་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་དུས་ཐོག་གནས་ཚུལ་འབྱོར་བ་རྒྱང་སྲིང་བྱས་ཡོད།
རྒྱ་ནག་གཞུང་གིས་ལོ་ལྟར་ས་ག་ཟླ་བའི་རིང་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་སྔར་ལྷག་བྱེད་ཀྱི་ཡོད་པ་དང་། དེ་སྔ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ལས་བྱེད་གཙོས། ལས་བྱེད་དང་ལས་བྱེད་རྒས་ཡོལ་ཟིན་པ་སོགས་དགོན་པར་མཆོད་མཇལ་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་བཏང་ཡོད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org