སྐྱིད་རོང་ཇོ་བོ་ཝ་ཏི་བཟང་པོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་འདུག

སྤྱི་ཟླ་༥ཚེས་༣༡བོད་རྒྱལ་ལོ་༢༡༤༩རབ་གནས་ཆུ་སྟག་ལོའི་ས་ག་ཟླ་བའི་ཚེས་༡ཉིན། སྐྱིད་གྲོང་གི་སྲོལ་རྒྱུན་བཞིན་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་བཞུགས་སྒར་རྡ་ར་ས་ལའི་རྒྱལ་བའི་ཕོ་བྲང་ནས་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་དད་ལྡན་མང་ཚོགས་ལ་མཇལ་ཁ་གཏོང་འགོ་ཚུགས་ཡོད་པ་དང་། ཇོ་བོ་ཝ་ཏི་བཟང་པོ་ནི་དམིགས་བསལ་ཞིག་ཡིན་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་བཀའ་གནང་གི་ཡོད་པ་རེད།
ལོ་ལྟར་ས་ག་ཟླ་བ་ཚེས་བ་དང་བསྟུན་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་༧རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུ་སྲོལ་པ་ཡོད་དེ་ནི་གཙོ་བོ་དད་ལྡན་མི་མང་ཚོར་མཇལ་ཁ་གནང་རྒྱུ་དེ་ཡིན་པ་དང་། དེ་ཡང་ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་ཆེད་དུ་ཡིན་པ་མ་ཟད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་སྐབས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་ཚོགས་པའི་ངོས་ནས་གོ་སྒྲིག་འོག་གླུ་གར་དང་བཅས་ཕེབས་སུ་ཞུ་བཞིན་ཡོད་པ་སྐྱིད་སྡུག་ཚོགས་པ་དེའི་ཚོགས་གཙོ་སྨན་པ་བསོད་ནམས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
ཇོ་བོ་ཝ་ཏི་བཟང་པོ་ནི་སྐྱིད་གྲོང་གི་ལྷ་སྐལ་ལྟ་བུ་ཞིག་ཡིན་འདུག་ལ། དེ་ཡང་རྗེ་བཙུན་མི་ལས། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། ། བལ་བོད་གཉིས་ཀྱི་ས་མཚམས་ན། ། འགྲོ་བ་ཉམ་ཐག་རྣམས་ཀྱི་མགོན། ། རང་བྱུང་ཝ་ཏི་བཟང་པོ་བཞུགས། ། ཞེས་བསྔགས་པ་ལྟར་ཇོ་བོ་ཝ་ཏི་བཟང་པོའམ་ཡོངས་གྲགས་སུ་སྐྱིད་གྲོང་ཇོ་བོ་ཞེས་ཞུ་ཞིང་། དོན་དུ་འཕགས་པ་སྤྱན་རས་གཟིགས་གསུང་འབྱོན་མ་ཞིག་ཡིན་ལ། རྗེ་བཙུན་མི་ལ་རས་པ་སོགས་རིས་མེད་སྐྱེས་མཆོག་དུ་མས་ཕན་ཚུན་བྱིན་རླབས་དང་རབ་གནས་མཛད་མྱོང་བའི་སྐུ་རྟེན་བྱིན་རླབས་ཅན་ཞིག་ཀྱང་ཡིན་འདུག
ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་ཚོགས་པའི་ངོས་ནས་རིང་མིན་སྤྱི་ཟླ་བདུན་པའི་ནང་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐོར་ཤོག་ངོས་༤༠༠ལྷག་ཡོད་པའི་མཛད་རྣམ་གསར་པ་ཞིག་འགྲེམས་སྤེལ་ཞུ་འཆར་ཡོད་པ་སྐྱིད་སྡུག་ཚོགས་པ་རེད་འདུག
ཇོ་བོ་ཝ་ཏི་བཟང་པོ་བོད་དུ་གདན་དྲངས་ཚུལ་ནི། ཕྱི་ལོ་༦༣༥ལོར་ཕོ་བྲང་པོ་ཏ་ལ་གསར་བཞེངས་ཀྱིས་བོད་ཀྱི་རྒྱལ་བོ ་༣༢ པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་དུ་དགེ་སློང་བློ་གྲོས་འབྱུང་གནས་ཚུལ་ཁྲིམས་ཀྱིས་བལ་ཡུལ་ལྷོ་བལ་གྱི་མཚམས་ནས་ཇོ་བོ་ཝ་ཏི་བཟང་པོ་གདན་ཞུས་གནང་བ་ཡིན་པ་ལོ་རྒྱུས་ནང་གསལ་འདུག་ལ། བོད་ལ་དུས་འགྱུར་མ་བྱུང་བར་དུ་འཕགས་པ་ཝ་ཏི་བཟང་པོ་སྐྱིད་གྲོང་དུ་བཞུགས་ཤིང་། དུས་འགྱུར་བྱུང་རྗེས་སྐྱིད་གྲོང་གི་འབྲེལ་ཡོད་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་གདན་དྲངས་ཏེ་ད་ལྟའི་ཆར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་གི་ཐུགས་དམ་གྱི་རྟེན་མཆོག་ཏུ་བཞུགས་མུས་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།