རྒྱལ་སྤྱིའི་བོད་རྒྱའི་རྒྱབ་སྐྱོར་ཚོགས་ཆེན་དང་པོ་ཐེ་ཝན་ལ་ཚོཊ་བཞིན་པ།
2016.04.22
ཐེ་ཝན་ནང་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་རྒྱལ་སྤྱིའི་བོད་རྒྱའི་ཚོགས་ཆེན་ཐོག་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ་གནང་བ།
དེ་ཡང་དེ་རིང་ཕྱི་ཚེས་༢༢་ཉིན། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་གྱི་ཕུའུ་ཅུན་ཧེ་ཡོའོ་གསོལ་མགྲོན་ཁང་དུ། རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཐེངས་དང་པོ་དེ་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ནང་ཚོགས་བཞུགས་གནང་མཁན་ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཡུ་རོབ། ནིའུ་ཛི་ལན་ཌི། ཨི་སི་རལ། སི་པན། རྒྱ་གར། ཧོང་ཀོང་། ཐེ་ཝན་སོགས་ཡུལ་གྲུ་འདྲ་མིན་ནས་བོད་རྒྱའི་མི་རིགས་ཁྱོན་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་མཉམ་འཛོམས་གནང་ཡོད་འདུག
ཐེངས་འདིའི་ཚོགས་འདུ་ནི་དབྱིན་ཡུལ་བོད་ཀྱི་ཐེབས་རྩས་(Tibet House Trust)མཐུན་འགྱུར་གནང་བ་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་འགན་ཁུར་བཞེས་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད། དེ་བཞིན་ཕྱི་དྲིལ་རྒྱ་ཡིག་ཚན་པའི་ལོ་ལྔའི་ལས་འཆར་ཁོངས་ཀྱི་ལས་གཞི་གལ་ཆེ་བ་གཅིག་ཀྱང་ཡིན་འདུག ཚོགས་འདུ་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་མར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བོད་རྒྱའི་འབྲེལ་ལམ་གྱི་བརྒྱུད་རིམ་དང་། ཕྱི་ལོ་༡༩༨༩་ལོ་ནས་ད་བར་ཕྱི་སྡོད་རྒྱ་མི་རིགས་དང་མཉམ་དུ་འབྲེལ་ལམ་བྱས་པ་བརྒྱུད། རྒྱ་མི་རིགས་ཚོས་བོད་མིའི་གནས་སྟངས་གང་ཙམ་ཤེས་རྟོགས་བྱུང་ཐུབ་ཡོད་པ་མ་ཟད། ཕན་ཚུན་མཐུན་མོང་གི་གཞི་རྟེན་འཚོལ་བཞིན་ཡོད་པའི་སྐོར་དང་། ལྷག་དོན་༧གོང་ས་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་སྟེ་གཉིས་ཕན་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འགྱུར་བ་མེད་པའི་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་༧གོང་ས་མཆོག་གིས། རྒྱལ་སྤྱིའི་བོད་རྒྱའི་རྒྱབ་སྐྱོར་ཚོགས་ཆེན་ཐོག་བོད་རྒྱའི་དཀའ་ངལ་སེལ་ཐབས་སུ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་གོ་བསྡུར་ལྷུག་པོ་ཞིག་ཡོང་རྒྱུར་ཐུགས་རེ་གནང་གི་ཡོད་པ་སོགས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་བསྩལ་ཡོད་པ་དང་། ཚོགས་ཞུགས་པ་ཡོངས་ནས་གུས་བཀུར་དང་མོས་མཐུན་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་དགའ་སྤྲོའི་ཐལ་མོ་ཤུགས་ཆེ་བརྡེབས་ཡོད་འདུག།
ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་གལ་ཆེའི་སྐུ་མགྲོན་ཁོངས་སུ་ཐེ་ཝན་གྲོས་ཚོགས་འཐུས་མི་དང་། གཞས་པ་གྲགས་ཅན་སྐུ་ཞབས་ལིན་གྲང་ཛའོ་དང་། གདོད་མའི་མི་རིགས་གྲོས་ཚོགས་འཐུས་མི་ལྕམ་གུ་ལཱ་སི། གྲོས་ཚོགས་འཐུས་མི་ལྕམ་གཡུས་མེ་ཉུལ། ཐེ་པེ་གྲོང་ཁྱེར་ཡུལ་སྐོར་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ཇན་ཡུས་ཨན་དང་། གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་གྲན་ཇེ་རུའུ། ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་འགན་འཛིན་ལྕམ་ཡཱང་ཧོང་མེ་ཤིན་སོགས་ཡོད་པ་དང་། ཁོང་རྣམས་ཀྱིས་ཀྱང་རིམ་པས་བོད་དོན་སྐོར་གསུང་བཤད་གནང་ཡོད་འདུག
ཚོགས་འདུ་ཉིན་དང་པོར་མཁས་དབང་ཁག་གི་གསུང་བཤད་གནང་རྒྱུའི་ལས་རིམ་ཁག་བཞི་ལ་དབྱེ་ནས་ཚོགས་བཞུགས་མཁས་དབང་དང་། དགེ་རྒན་ཆེན་མོ་བོད་རྒྱའི་གནད་དོན་ཉམས་ཞིབ་པ་ཁག་ཅིག་གིས་བོད་ཀྱི་གནད་དོན་གཙོ་བོར་འགྱུར་བའི་རྒྱ་ནག་དང་ཁོར་ཡུག་སོགས་ཀྱི་གནད་དོན་ཁག་གི་ཐོག་གཏམ་བཤད་གནང་ཡོད་པ་རེད།།
གསར་འགོད་པ་འཆི་མེད།