རྟ་མགྲིན་ཚེ་རིང་གློད་བཀྲོལ།
2013.07.31
༄༅། །སྔ་ལོ་མདོ་སྨད་རྨ་ལྷོ་རྫོང་གི་སློབ་མ་པན་ཆེན་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་དང་འབྲེལ་བ་ཡོད་པའི་ཉེས་བཙུགས་ཀྱིས་འཛིན་བཟུང་དོ་དམ་འོག་ཚུད་པ་རྟ་མགྲིན་ཚེ་རིང་ལགས་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཟི་ལིང་གི་བཙོན་ཁང་ཞིག་ནས་གློད་བཀྲོལ་བཏང་འདུག ས་གནས་རྒྱ་ནག་གཞུང་གིས་རྟ་མགྲིན་ཚེ་རིང་ལགས་པན་ཆེན་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པར་བསྙད་དེ་འཇུ་བཟུང་བྱས་ཡོད་ཀྱང་། ཁྲིམས་ཁང་ནས་ཁྲིམས་ཐག་བཅད་པ་སོགས་གང་ཡང་བྱུང་མེད་པ་རེད། འོན་ཀྱང་ས་གནས་རྒྱ་མིའི་དབང་འཛིན་པ་ཚོས་ཁོང་ལོ་གཅིག་ཙམ་རིང་བཙོན་ཁང་དུ་བཅུག་སྟེ་མནར་གཅོད་ཤུགས་ཆེ་བཏང་འདུག་ལ། ད་ལྟའི་སྐབས་ཁོང་གི་སྐུ་གཟུགས་ཀྱི་གནས་བབ་ཧ་ཅང་སྐྱོ་པོ་ཡོད་འདུག རྟ་མགྲིན་ཚེ་རིང་ལགས་ནི། རྨ་ལྷོ་རྩེ་ཁོག་རྫོང་མགོན་ཤུལ་རྡོ་དཀར་མོའི་དམེ་སྐོར་ཡུལ་ཚོ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ ཚེས་ ༩ཉིན་རང་ལོ་ ༡༦ ལས་མ་སླེབས་པ་པན་ཆེན་སྐྱིད་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་རྗེས་རྒྱ་མིའི་དྲག་ཆས་དཔུང་སྡེ་འབོར་ཆེ་པན་ཆེན་སྐྱིད་འདས་མོ་དེའི་ཁྱིམ་ཚང་དུ་འབྱོར་སྟེ། ཕྱི་ནང་གི་འགྲོ་འོང་ཡོངས་རྫོགས་བཀག་པ་དང་། ཁོ་མོའི་ངོ་ཤེས་དང་སློབ་གྲོགས་མང་པོ་ཞིག་འཇུ་བཟུང་དང་ཁོང་ཚོར་འདྲི་རྩད་སོགས་བྱས་ཡོད་པ་རེད། རྟ་མགྲིན་ཚེ་རིང་ལགས་སྐབས་དེར་འཇུ་བཟུང་བྱས་པའི་ཁོངས་ནས་གཅིག་ཡིན་འདུག།