ལྕམ་སོ་ནི་གན་རྡི་་སྙུན་གཞི་དྲག་སྐྱེད་བྱུང་བ།

རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་འཁྲིད་ལྕམ་སོ་ནི་ཡ་གན་རྡི་སྐུ་གཟུགས་དྲག་སྐྱེད་ལེགས་པར་བྱུང་ཡོད་པ།

2011.09.15

༄༅༎རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་འཁྲིད་ལྕམ་སོ་ནི་ཡ་གན་རྡི་མཆོག་ཉེ་ལམ་སྐུ་གཟུགས་བདེ་མིན་རྐྱེན་པས་ ཨ་རིའི་ནང་གཤག་བཅོས་གནང་ཏེ་ དུས་ཡུན་བདུན་ཕྲག་དྲུག་ཙམ་གྱི་རྗེས་སུ་ད་ཆ་སྐུ་གཟུགས་དྲག་སྐྱེད་ལེགས་པར་བྱུང་ནས་ཁ་ས་ཆབ་སྲིད་ཚོགས་པའི་ལས་ཁུངས་སུ་ལས་བཅར་ཐོག་མ་དེ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག་༎

དགུང་ལོ་༦༤ཕེབས་པའི་ལྕམ་སོ་ནི་ཡ་གན་རྡི་ནི་རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་འཁྲིད་ཀྱི་འགན་ཁུར་བཞེས་པའི་ཆ་ནས་ གཞུང་འཛིན་ཚོགས་པའི་ཐག་གཅོད་ཀྱི་ལས་དོན་ནང་མི་སྣ་གཙོ་བོ་ཞིག་ཡིན་པ་མ་ཟད་ སྲིད་བློན་མན་མོ་ཧན་སིང་མཆོག་ནས་ ལམ་སྟོན་དང་བློ་བསྡུར་ཞུ་ཡུལ་གཙ་བོར་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ གནས་ཚུལ་ནང་གསལ་ལྟར་ན་ལྕམ་སོ་ནི་ཡ་གན་རྡི་སྐུ་གཟུགས་བདེ་མིན་རྐྱེན་པས་ རྒྱ་གར་ནས་ཨ་མི་རི་ཀའི་ནང་སྨན་བཅོས་གནང་བར་ཕེབས་སྐབས་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་སྟེང་འབར་རྗས་གས་གཏོར་གྱི་དོན་རྐྱེན་དང་ དེ་བཞིན་རྒྱ་གར་རྒྱལ་ཡོངས་སུ་ལྐོག་ཟས་ཀྱི་ལམ་ལུགས་ལ་མང་ཚོགས་ཀྱི་ངོ་རྒོལ་རྒྱ་ཁྱབ་བྱུང་བཞིན་པའི་གནད་དོན་སོགས་ཀྱི་གཞུང་འཛིན་ཆབ་སྲིད་ཚོགས་པར་གདོང་ལེན་བྱེད་དགོས་པའི་དཀའ་རྙོག་དུ་མ་འཕྲད་བཞིན་ཡོད་པ་རེད་ ཁ་ས་གཞུང་འཛིན་ཀོང་རེ་སི་ཚོགས་པའི་མགྲིན་ཚབ་ཇ་ནར་རྡན་ཌི་ལྦི་ལྦེ་ཌི་ཡིས་ལྕམ་སོ་ནི་ཡ་གན་རྡི་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་སྐོར་ཞིབ་ཕྲ་གསལ་འདོན་མ་བྱས་ཀྱང་ ཁོང་རེས་གཟའ་ཕུར་བུའི་ཉིན་ལས་ཁུངས་སུ་ལས་བཅར་ཞུ་རྒྱུ་ཡིན་སྐོར་ རྒྱ་གར་གྱི་པི་ཀྲི་ཨའེ་གསར་ལས་ཁང་ལ་གསུང་འདུག་པ་དང་ དེ་བཞིན་ལས་བཅར་གྱི་ཉིན་དང་པོར་ ལོ་ཕྱི་མ་ཨུ་ཏར་པར་རྡེཤ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཀོང་རེ་སི་སྲིད་དོན་ཚོགས་པའི་འོས་མི་གཏན་འབེབས་ཀྱི་ཚོགས་འདུར་དབུ་བཞུགས་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎