༧གོང་ས་མཆོག་གིས་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་སྒོར་བཀའ་སློབ་བསྩལ་གཏན་འཁེལ་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཆེ་རིང་ལགས་ཀྱི་ལས་འཁུར་དམ་འབུལ་མཛད་སྒོར་དྲ་ལམ་བརྒྱུད་བཀའ་སློབ་བསྩལ་གཏན་འཁེལ་འདུག
- 2021-05-26
-
-
-
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཆེ་རིང་ལགས་ཀྱི་ལས་འཁུར་དམ་འབུལ་མཛད་སྒོར་དྲ་ལམ་བརྒྱུད་བཀའ་སློབ་བསྩལ་གཏན་འཁེལ་འདུག
བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་འཁུར་དང་གསང་རྒྱའི་དམ་འབུལ་སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༥་པའི་ཚེས་༢༧་རེས་གཟའ་ཕུར་བུའི་ཉིན་གནང་རྒྱུ་ཡིན་ཞིང་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དམ་འབུལ་ཉིན་༧གོང་ས་མཆོག་ནས་བརྙན་འཕྲིན་དྲ་ལམ་བརྒྱུད་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནང་བའི་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་རིམ་གྱི་ནང་། འདི་ཚེས་༢༧་ཉིན་གྱི་སྔ་དྲོ་ཕྱག་ཚོད་༩།༥༥འི་སྟེང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དབུ་བཞུགས་ཐོག་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས། སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལྷན་འཛོམས་ཀྱིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་ལས་འཁུར་དང་། གསང་རྒྱའི་དམ་འབུལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། འོན་ཀྱང་ཚེས་༢༦་ཉིན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་སྤྱི་ཁྱབ་ཁྲིམས་དྲུང་ལ་ཕྱག་བྲིས་ཤིག་གནང་འདུག་པ་དེའི་ནང་། སྤྱི་འཐུས་ཚོགས་གཞོན་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་དེར་བཅར་མི་དགོས་པ་ཞེས་ཕེབས་སོང་བ་དེ་དོན་དགོངས་འཇགས་ཞུ་ཞེས་བཀོད་འདུག་ལ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ལ་ཕུལ་བའི་ཕྱག་བྲིས་དེ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཤོག་སྟེང་མ་ཡིན་པར་སྤྱིར་སྟངས་ཤོག་ལྷེ་དཀར་པོ་ཞིག་གི་ཐོག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དམ་ཕྲུག་དང་ཚོགས་གཙོ་གཞོན་པའི་མཚན་ཡིག་ཡོད་པ་ཞིག་རེད་འདུག
དམ་འབུལ་མཛད་སྒོའི་སྐབས་སྲིད་སྐྱོང་གསར་པ་དང་རྙིང་པའི་བར་བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་རྩིས་སྤྲོད་གནང་རྒྱུ་ཡིན་འདུག་ཅིང་། བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་ནི། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བདུན་པ་མཆོག་གིས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་སྤྱི་ལོ་༡༧༥༡་ལོར་བཀའ་ཤག་གསར་འཛུགས་དང་བཀའ་བློན་དུ་མི་སྣ་བཞི་འདེམས་བསྐོ་གནང་སྟེ། དུས་སྐབས་དེར་སྩལ་བའི་བཀའ་ཐམ་དེ་ཡིན་ཞིང་། ད་ལྟའི་དུས་སྐབས་ཀྱི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་དམ་ཕྲུག་ཀྱང་དེ་རང་ཡིན་པ་དང་། དེ་སྔོན་སྲིད་སྐྱོང་བློ་བཟང་སེང་གི་ལགས་ཀྱི་ཐོག་མའི་དམ་འབུལ་སྐབས། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་རྒྱལ་ཚབ་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་གང་ཉིད་ནས་བཞེས་པའི་བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་རྩིས་སྤྲོད་གནང་ཡོད་པ་༢༠༡༡་ལོར་བཀའ་ཕེབས་ཡོད་པ་རེད།
ཡང་བཀའ་ཐམ་སྲིད་ཞི་བདེ་སྐྱིད་མའི་སྐོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་སྟོབས་ལགས་ཀྱིས་གསུངས་ན། བོད་ཀྱི་ལོ་རྒྱུས་ནང་དུ་བཀའ་ཤག་གི་ཐམ་ག་བདེ་སྐྱིད་མ་དེ་ཧ་ཅང་གི་གལ་འགངས་ཆེ་ཞིང་། བོད་མི་རྣམས་བཙན་བྱོལ་དུ་ཡོང་བའི་སྐབས་དངོས་རྫས་ཡག་ཤོས་ཤིག་འཁྱེར་ཐུབ་པ་བྱུང་བ་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཐམ་ག་དེ་རེད་ཅེས་དང་། དེ་སྔ་བོད་གཞུང་གི་ལམ་ལུགས་ནང་ཐམ་ག་དེའི་འོག་ནས་གཅིག་གྱུར་གྱི་རྣམ་པ་གསལ་པོ་བསྟན་ཡོད་པ་འགྲེལ་བརྗོད་གནང་འདུག