སྲིད་སྐྱོང་གི་ལས་ཁུར་གསང་རྒྱའི་དམ་འབུལ་མཛད་སྒོར་༧གོང་ས་མཆོག་གིས་འཚམས་འདྲིའི་བཀའ་སློབ་བསྩལ།

2021.05.27
སྲིད་སྐྱོང་གི་ལས་ཁུར་གསང་རྒྱའི་དམ་འབུལ་མཛད་སྒོར་༧གོང་ས་མཆོག་གིས་འཚམས་འདྲིའི་བཀའ་སློབ་བསྩལ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ལས་ཁུར་དམ་འབུལ་མཛད་སྒོར་༧གོང་ས་མཆོག་གིས་འཚམས་འདྲིའི་བཀའ་སློབ་བསྩལ། ༥།༢༧།༢༡
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་གསར་པའི་དམ་འབུལ་སྐབས་སྲིད་སྐྱོང་གསར་པར་འཚམས་འདྲི་དང་སྲིད་སྐྱོང་རྙིང་པར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་བསྩལ་སོང་།
སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༥་པའི་ཚེས་༢༧་རེས་གཟའ་ཕུར་བུའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། སྲིད་སྐྱོང་བློ་བཟང་སེང་གེ་ལགས་བཅས་ལྷན་འཛོམས་ཐོག་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་ལས་འཁུར་དང་གསང་རྒྱའི་དམ་འབུལ་བཞེས་པ་གནང་ཡོད་པ་རེད།
སྐབས་དེར་དམ་འབུལ་གྲུབ་བའི་རྗེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་སྲིད་སྐྱོང་གསར་པར་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་བ་དང་། སྲིད་སྐྱོང་རྙིང་པར་ད་བར་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་མཉམ། ང་ཚོའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་ཐོག་ནས་མུ་མཐུད་འགྲོ་གི་ཡོད་པས། རྒྱ་ནག་གཞུང་ཕྱོགས་ནས་དེར་གཉིས་ཕན་ལ་ངོས་འཛིན་གྱིས་གུ་ཡངས་ཀྱི་བསམ་བློ་གཏོང་དགོས་གལ་ཆེ་ཞེས་བཀའ་གནང་སོང་།
སྤྱི་ལོ་༢༠༡༡་ལོར་༧བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་རྩིས་སྤྲོད་མཛད་པའི་རྗེས། ད་རེས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ལས་འཁུར་ཞུས་པ་དེ་མི་མང་ནས་བདམས་ཐོན་བྱུང་བའི་སྲིད་སྐྱོང་སྐབས་༣ པ་དེ་ཆགས་ཀྱི་ཡོད་པ་རེད། བློ་བཟང་སེང་གེ་ལགས་ཀྱིས་བཀའ་ཤག་སྐབས་༡༤་དང་༡༥ གཉིས་ཀྱི་སྲིད་སྐྱོང་གི་ལས་འཁུར་གནང་སྟེ་འདི་ཚེས་༢༦་བར་མི་ལོ་༡༠་འཁོར་གྱི་ཡོད་པ་དང་བསྟུན་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་ལས་འཁྱུར་གསུང་བཤད་ཀྱི་ནང་། སྲིད་སྐྱོང་གསར་པ་དང་བཀའ་ཤག་གསར་པར་འཚམས་འདྲི་དང་འབྲེལ་ངའི་སྲིད་སྐྱོང་གི་ལས་འགན་དུས་ཡུན་རྫོགས་ཟིན་ཀྱང་། བོད་ཀྱི་རྩ་དོན་ཆེད་དུ་མུ་མཐུད་དུ་ལས་ཀ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་ཡོད་པ་རེད།
སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་ལགས་ནི། དེ་སྔ་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་ཡོད་པ་མ་ཟད། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་ཡང་བཞེས་མྱོང་ཡོད་པ་རེད། ད་རེས་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༦་པའི་སྲིད་སྐྱོང་གི་ལས་འཁུར་དངོས་སུ་བཞེས་ཏེ་ཁོང་གི་འཛིན་སྐྱོང་གི་འོས་འགན་གཙོ་བོ་དེ་བོད་དོན་བདེན་མཐའ་སེལ་རྒྱུ་དེ་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎