སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མན་སྤར་ཕན་བདེ་གླིང་དུ་ཕེབས་ནས་འཚམས་གཟིགས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ཚེས་༡༡ཉིན་རྒྱ་གར་དབུས་ཕྱོགས་སུ་ཡོད་པའི་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་ཡོད་པ་དང་། སྐབས་དེར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམ་པ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་ཚོགས་མི་རྣམ་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག
ད་ཐེངས་ཀྱི་ཕྱོགས་བསྐྱོད་འཚམས་གཟིགས་སྐོར་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་རྒྱ་གར་དབུས་ཕྱོགས་ཀྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གསུམ་ནང་གཞུང་དོན་འཚམས་གཟིགས་བྱས་ནས་རིམ་པས། འདི་ལོའི་སྤྱི་ཟླ་དྲུག་པ་བར་རྒྱ་གར་ནང་གི་བོད་མི་གནས་སྡོད་ས་གནས་ཁག་ཚང་མར་བཅར་ནས་ས་གནས་ཀྱི་གནས་སྟངས་དང་། མི་མང་གི་བདེ་སྡུག་སོགས་ཤེས་བའི་ཐོག་ནས་སྤྱི་ཟླ་བདུན་པའི་ནང་འབྱུང་འགྱུར་ལོ་གསུམ་གྱི་འཆར་གཞི་ཞིག་ཕྱོགས་བསྡོམས་བྱེད་ཆེད་ཡིན་པ་གསུང་བྱུང་།
ཕྱི་ཚེས་༡༢ཉིན་གྱི་སྔ་དྲོར་སྲིད་སྐྱོང་མཆོག་གིས་གཞིས་ཆགས་ཀྱི་མི་མང་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། གཞོན་སྐྱེས་ཁག་ཅིག་དང་ཟུར་དུ་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་འཚོགས་ཡོད་པ་རེད་འདུག སྲིད་སྐྱོང་མཆོག་གིས་གཞིས་དགོན་ཁག་ཏུ་མཆོད་མཇལ་དང་མཉམ། ས་གནས་འཐུས་ཚོགས་ཀྱི་ལས་ཁུངས་དང་ཚོགས་ཁང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་དང་ཚོགས་ཁང་། མཉམ་འབྲེལ་ལས་ཁུངས། གཞིས་སློབ་དང་ཉལ་ཁང་། ཡན་ལག་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། རྒས་གསོ་ཁང་ལ་སོགས་པ་དང་། དེ་བཞིན་གཞིས་གྲོང་ཁག་ཏུ་གཟིགས་སྐོར་ཡང་གནང་ཡོད་པ་རེད་འདུག
ཚེས་༡༢་ཉིན་གྱི་ཕྱི་དྲོ་མན་སྤར་ནས་བྷན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ