རང་ལུས་མེ་སྲེག་སྔོན་ལ་ཕ་མ་དང་བཀའ་མོལ་གང་བྱུང་ཡོད་མེད།


2016.03.01
རང་ལུས་མེར་བསྲེགས་གནས་མཁན་སློབ་ཕྲུག་རྡོ་རྗེ་ཚེ་རིང་གི་ཉེ་པར་དང་སྨན་ཁང་ནང་གི་པར། ༢༠༡༦ རང་ལུས་མེར་བསྲེགས་གནས་མཁན་སློབ་ཕྲུག་རྡོ་རྗེ་ཚེ་རིང་གི་ཉེ་པར་དང་སྨན་ཁང་ནང་གི་པར། ༢༠༡༦
མཐུན་འགྱུར་པར་རིས།

མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་གིས་རང་ལུས་མེར་བསྲེགས་གནང་རྗེས་ད་ལྟ་ལྡི་ལིའི་སྨན་ཁང་ན་མྱུར་སྐྱོབ་བྱེད་བཞིན་པ་རེད།
དེ་ཡང་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ༢༠༡༦ཟླ་༢བའི་ཚེས་༢༩ཉིན་གྱི་སྔ་དྲོར། རྒྱ་གར་རྡེ་ར་རྡུན་གྱི་རྒན་གསོ་ཁང་གི་ཉེ་འཁྲིས་སུ་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་གིས་རང་ལུས་མེར་བསྲེགས་བཏང་ནས་ད་ལྟ་ལྡི་ལིའི་(Safdarjung hospital)སྨན་ཁང་ནང་མྱུར་སྐྱོབ་བྱེད་བཞིན་པ་རེད།
འདི་གའི་གསར་འགོད་པ་བསོད་ནམས་སྟོབས་རྒྱལ་ལགས་ཆེད་དུ་སྨན་ཁང་ལ་བཅར་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་འདི་གར་བརྗོད་དོན། གསར་འགོད་པ་ཚོ་ཁོ་རང་དངོས་སུ་ཐུགས་འཕྲད་བྱེད་དུ་བཅུག་མ་སོང་། འོན་ཀྱང་ཁོང་གི་ཨ་མས་འགྲེལ་བརྗོད་གནང་བ་ལྟར་ན། དེ་སྔོན་མོ་ལ་རྡོ་རྗེ་ཚེ་རིང་གིས་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག སྐབས་དེར་ཨ་མས་དེ་འདྲ་བྱེད་མི་ཉན། སློབ་སྦྱོང་ཡག་པོ་བྱོས གལ་སྲིད་ཁྱེད་ཀྱིས་དེ་འདྲ་བྱས་ན་ཨ་མ་ང་རང་ཤི་རྒྱག་རྒྱུ་ཡིན་སྐོར་སོགས་བཤད་ནས་ཁ་ཉན་ཡོད། དེའི་རྗེས་སུ་ཡང་ཁོང་གི་ཕ་ལ་ཡང་དེ་ལྟར་བརྗོད་མྱོང་ཡོད་འདུག
དེ་རིང་ཚེས་༡ཉིན་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་དང་བརྒྱ་འཐུས་སོགས་བོད་མི་ཚོ་སྨན་ཁང་ལ་བཅར་སྐབས། རྡོ་རྗེ་ཚེ་རིང་གིས། ཁོང་རང་གིས་སྔོན་མ་ནས་བོད་དོན་ཆེད་སེམས་ཤུགས་བཅངས་ནས་རང་ལུས་མེར་བསྲེགས་གཏོང་བསམ་ནས་བསྡད་པ་ཡིན་ལ་ཕ་མ་གཉིས་ལ་ཡང་ཞུ་རྒྱུ་བྱུང་། དེ་ལྟར་ད་ཐེངས་བོད་དོན་ལ་ཕན་ཐོགས་ན་བསམ་ནས་སེམས་ཐག་བཅད་ནས་རང་ལུས་མེར་བསྲེགས་བཏང་པ་ཡིན། མཐའ་དོན་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་རང་བཙན་མྱུར་དུ་ཐོབ་པར་ཐོག་ཅེས་གསུངས་འདུག
རྡོ་རྗེ་ཚེ་རིང་ལགས་ད་ལོ་དགུང་ལོ་༡༦ཙམ་ཡིན་པ་དང་། ཕ་ཐུབ་བསྟན་དང་མ་ཉི་མ་གཡང་འཛོམས་གཉིས་ཀྱི་བུ་ཡིན་པར། མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་བའི་སློབ་ཕྲུག་ཡིན་འདུག

གསར་འགོད་པ་ཀླུ་འབུམ།
རྡོ་རྗེ་ཚེ་རིང་གིས་རང་ལུས་མེར་བསྲེགས་གནང་དོན་སྨན་ཁང་ནས་གསུངས་པའི་སྐད་ཆ་གཤམ་ནས་གསན་གཟིགས་གནང་ཐུབ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎