དཔལ་ས་སྐྱའི་ཆོས་བརྒྱུད་ཀྱི་ལོ་རྒྱུས་ནང་བཙུན་མར་མཁན་མོའི་མཚན་གནས་ཐོག་མ་བསྩལ་འདུག

2022.06.16
དཔལ་ས་སྐྱའི་ཆོས་བརྒྱུད་ཀྱི་ལོ་རྒྱུས་ནང་བཙུན་མར་མཁན་མོའི་མཚན་གནས་ཐོག་མ་བསྩལ་འདུག དཔལ་ས་སྐྱའི་ཆོས་བརྒྱུད་ཀྱི་ལོ་རྒྱུས་ནང་བཙུན་མར་མཁན་མོའི་མཚན་གནས་ཐོག་མ་བསྩལ་སྐབས། ༠༦།༡༤།༢༠༢༢
བློ་བཟང་།/RFA

འདི་ཟླའི་༦ཚེས་༡༤ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དུ་ཡོད་པའི་དཔལ་ས་སྐྱའི་བཙུན་མའི་བཤད་གྲྭ་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་གླིང་ནས། བསླབ་པ་མཐར་སོན་པའི་བཙུན་མ་གསུམ་ལ་གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་མཁན་མོའི་མཚན་གནས་སྩལ་བའི་ཕྱག་འཁྱེར་གནང་ཡོད་ཅིང་། དེ་ནི་དཔལ་ས་སྐྱའི་ཆོས་བརྒྱུད་ཀྱི་ལོ་རྒྱུས་ནང་བཙུན་མར་མཁན་མོའི་མཚན་གནས་སྩལ་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད་འདུག
བཙུན་མ་སྤྱི་དང་ལྷག་པར་དུ་དཔལ་ས་སྐྱའི་ཆོས་བརྒྱུད་ཀྱི་བཙུན་མ་ཚོ་ལ་དགེ་འདུན་པ་དང་གཅིག་མཚུངས་ཀྱིས་བསླབ་པ་སློབ་གཉེར་གྱི་གོ་སྐབས་བཟང་པོ་ཡོད་པ་འདི་གཙོ་བོ་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞེད་དང་མཐུན་པ། སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལས་བྱུང་བ་རེད་ཅེས་དཔལ་ས་སྐྱའི་བཙུན་མའི་མཐོ་སློབ་ཀྱི་མཁན་པོ་ཡེ་ཤེས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
༧གོང་ས་མཆོག་གི་དགོངས་གཞི་འོག་བཙུན་མའི་ཆོས་སྡེ་ཁག་ཏུ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱ་རྒྱུའི་གོ་སྐབས་བསྐྲུན་གནང་མཛད་ཡོད་པ་དང་། ད་བར་བཙུན་མའི་ཁྲོད་ནས་དགེ་བཤེས་མ་དང་སློབ་དཔོན་མ། མཁན་མོ་བཅས་མང་པོ་ཞིག་ཐོན་མུས་ཡིན་པ་རེད།
ཐེངས་འདིར་མཁན་མོའི་མཚན་གནས་བཞེས་པར་བཤད་གྲྭའི་ནང་གཏན་འབེབས་ལྟར་གྱི་གཞུང་ཆེན་ཁག་ཐོན་དགོས་པ་མ་ཟད། དཔེ་ཁྲིད་ཀྱི་ཉམས་མྱོང་དང་བཅས་མ་འོངས་པར་བསྟན་དང་འགྲོ་བ་ལ་ཞབས་ཕྱི་ཞུ་འདུན་གྱིས་ཆོད་སེམས་ཡོད་དགོས་པ་བཅས་ཆ་རྐྱེན་མང་པོ་ཞིག་ཡོད་པ་རེད་འདུག །
མཚན་གནས་འབུལ་བཞེས་མཛད་དོན་ཡང་མ་འོངས་པར་བསྟན་པ་དང་འགྲོ་བའི་དོན་བྱེད་པར་ནུས་པ་ཆེ་བ་དང་། གོ་སྐབས་བཟང་བ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ཞེས་གསུང་གི་འདུག
ད་ལན་གྱི་མཁན་མོའི་མཚན་གནས་བཞེས་མཁན་མཁན་མོ་ཀུན་དགའ་འོད་མཚོ་དང་། ཀུན་དགའ་དཔལ་སྒྲོན། ངག་དབང་གཡང་དགའ་བཅས་ཡིན་པ་དང་། ཁོང་རྣམས་ཀྱིས་སྔར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མཚན་གནས་ཆེན་པོ་འདི་འདྲ་ཞིག་ཐོབ་པར་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་བྱུང་ཞེས་གསུངས་བྱུང་།

sakya khenmo (2).jpg
མཁན་མོ་ཀུན་དགའ་དཔལ་སྒྲོན་ལགས་ནས། ༧གོང་ས་མཆོག་དང་རིས་མེད་སྐྱེས་ཆེན་རྣམ་པས་རླབས་ཆེན་གྱི་དགོངས་གཞི་འོག་དེ་སྔ་བོད་སྐད་བོད་ཡིག་མཐོང་ཐོས་མེད་པའི་བཙུན་མ་ཞིག་ལ་ད་ཆ་མཚན་གནས་ཆེན་པོ་འདི་འདྲ་ཞིག་ཐོབ་པར་ཧ་ཅང་སྐལ་བ་བཟང་པོ་ཡིན་ཞེས་དང་། མ་འོངས་པར་ཁོང་རྣམ་པའི་དགོངས་གཞི་བཞིན་བལ་བོད་ས་མཚམས་ཁག་ཏུ་ནང་ཆོས་ཁྱབ་སྤེལ་གྱི་ཞབས་ཕྱི་གང་ནུས་ཞུ་རྒྱུ་ཡིན་ཞེས་གསུང་གི་འདུག
བཙུན་མའི་བཤད་གྲྭ་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་གླིང་དེ་བཞིན་སྤྱི་ལོ་༢༠༠༩ལོར་གསར་འཛུགས་གནང་བ་དང་། འཛིན་གྲྭ་ཡང་སྔོན་འགྲོ་དང་། ལོ་རིམ་དང་པོ་ནས་བརྒྱད་པ་བར། དེ་ནས་བཀའ་བཅུ་པ་དང་། སློབ་དཔོན་དང་མཁན་མོའི་བར་ཡོད་པ་རེད། ད་བར་བཤད་གྲྭ་འདི་ནས་སློབ་དཔོན་ཐོན་རིམ་གཉིས་ཐོན་ཟིན་ཡོད་འདུག་པ་དང་། ད་ལྟའི་ཆར་བཤད་གྲྭའི་ནང་བཙུན་མ་དྲུག་ཅུ་མ་ཟིན་ཙམ་དང་། དགེ་ལས་དྲུག དེ་བཞིན་ཁོར་ཡུག་ལྷན་ཚོགས་དང་། འཕྲོད་བསྟེན་ལྷན་ཚོགས། ཤེས་ཡོན་ལྷན་ཚོགས་བཅས་ཡོད་པ་རེད་འདུག

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎