ལྷ་སའི་གཙུག་ལག་ཁང་དུ་གསར་འགོད་པ་བཏང་མི་འདུག
2008.06.22
༄༅༎བོད་ཀྱི་རྒྱལ་ས་ལྷ་སར་རེས་གཟའ་སྤེན་པའི་ཉིན་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་རྗེས་སུ་ རེས་གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་གསར་འགོད་པ་རྣམས་གཙུག་ལག་ཁང་དུ་གཏང་རྒྱུའི་འཆར་གཞི་ཡོད་པ་དེ་བློ་བུར་དུ་ཕྱིར་བསྡུ་བྱས་ཡོད་འདུག
དེ་མ་ཟད་དཔལ་འབར་གཙུག་ལག་ཁང་བརྒྱུད་བསྐོར་བསྐྱོད་བྱེད་རྒྱུའི་འཆར་གཞི་ཡོད་པ་དེ་ཡང་སྐབས་མཚམས་སུ་མེད་པ་བཟོས་ཡོད་འདུག འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་མིའི་སྒེར་ལངས་ཀྱི་ལས་འགུལ་དང་གཙུག་ལག་ཁང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད་ཕྱི་ཟླ་གསུམ་པའི་ཚེས་༢༧ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་བསྐྱོད་སྐབས་དགེ་འདུན་པ་ཁག་ཅིག་གིས་༸གོང་ས་མཆོག་བོད་ནང་ཕྱིར་ཕེབས་དགོས་པ་དང་བོད་མི་ཚོར་རང་དབང་མེད་ལུགས་སྐད་འབོད་ཀྱི་ངོ་རྒོལ་བྱས་ཡོད་པ་རེད་ རེས་གཟའ་ཉི་མའི་ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་གཙུག་ལག་ཁང་གི་ཚབ་ཏུ་སེ་ར་དགོན་པར་གཟིགས་སྐོར་དུ་འཁྲིད་འདུག
གསར་འགོད་པས་སྣེ་ལེན་ཞུ་མཁན་དགེ་འདུན་པར་ ༸གོང་ས་མཆོག་བོད་ནང་ཕྱིར་ཕེབས་དགོས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར་ དགེ་འདུན་པ་དེས་ ང་ལ་གང་ཡང་བཤད་རྒྱུ་མེད་ ང་དགེ་འདུན་པ་དཀྱུས་མ་ཞིག་ཡིན་ ཐག་གཅོད་དེ་རིགས་གཞུང་གིས་གནང་གི་རེད་ཅེས་གསུངས་གནང་འདུག དེ་རྗེས་གསར་འགོད་པ་རྣམས་པོ་ཏཱ་ལར་གཟིགས་སྐོར་དུ་བསྐྱོད་ཡོད་འདུག
རེས་གཟའ་སྤེན་པའི་ཉིན་ལྷ་ས་གྲོང་ཁྱེར་ནང་སྲུང་སྐྱོབ་དམག་མི་ཧ་ཅང་མང་པོ་བཀྲམས་ཡོད་ཀྱང་ རེས་གཟའ་ཉི་མའི་ཉིན་ཉེན་སྲུང་བ་དེ་དག་ཕྱིར་འཐེན་གྱིས་སྲུང་སྐྱོབ་དང་བདེ་འཇགས་ཀྱི་དཀའ་རྙོག་གང་ཡང་མེད་པའི་རྣམ་པ་ཡོད་འདུག་ཀྱང་ འདི་ལོ་ཕྱི་ཟླ་གསུམ་པ་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སོགས་བཀག་འགོག་དམ་བསྒྲགས་ཆེན་པོའི་འོག་གནས་མུས་ཡིན་པ་རེད༎