རྒྱ་ནག་གིས་རི་བོ་ཇོ་མོ་གླང་མར་ས་འོག་ཕུག་ལམ་བྲུ་རྒྱུ་ཡིན་པ།
2015.04.10
རྒྱ་ནག་གིས་མཚོ་བོད་ལྕགས་ལམ་བལ་ཡུལ་དང་མཐུད་འཆར་གྱིས་རྒྱ་གར་ལ་བློ་འཚབ་བཟོ་ཉེན་ཆགས་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་གིས་རི་བོ་ཇོ་མོ་གླང་མའི་རི་རྒྱུད་ཁུལ་ས་འོག་ཕུགས་ལམ་བྲུས་ཏེ་བོད་ནས་བལ་ཡུལ་ས་མཚམས་བར་རྒྱང་ཐག་སྤྱི་ལེ་༥༤༠ཡོད་པའི་མྱུར་ཚད་མཐོ་བའི་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་བྱེད་འཆར་ཡོད་འདུག་པ་དང་། རྒྱ་ནག་གཞུང་དང་བལ་ཡུལ་གཞུང་དབར་དེ་སྔོན་མོས་མཐུན་བྱུང་ཡོད་ཀྱང་ལྕགས་ལམ་དེ་དག་རི་བོ་ཇོ་མོ་གླང་མའི་རི་རྒྱུད་ས་འོག་ནས་ཕུགས་ལམ་བྲུ་རྒྱུའི་འཆར་གཞི་ཡོད་པ་དེ་ད་རེས་ཕྱིར་བསྒྲགས་བྱས་པ་ཐོག་མ་ཡིན་འདུག
བོད་ནི་རྒྱ་ནག་ལྷོ་ནུབ་དང་། ལྷོ་ཨེ་ཤ་ཡ་ས་ཁུལ་སོགས་ཀྱི་སྒོ་མོ་ཞིག་ཆགས་ཡོད་སྟབས་ལྷོ་ཨེ་ཤ་ཡའི་ལྕགས་ལམ་མངོན་གྱུར་འབྱུང་ཚེ་བལ་བོད་དབར་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དང་། ཚོང་འབྲེལ་འཕེལ་རྒྱས་འགྲོ་རྒྱུ་ཡིན་ལུགས་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་བརྗོད་འདུག མེ་འཁོར་ལྕགས་ལམ་གྱི་ལས་གཞིའི་ཐོག་མཁས་པ་རྒྱ་རིགས་Wang Mengshuཞེས་པས་གཞིས་ཀ་རྩེ་ནས་བལ་ཡུལ་ས་མཚམས་བར་མེ་འཁོར་ལྕགས་ལམ་དེ་བཞིན་རྒྱང་ཐག་གང་ཐུང་ཐུང་འབྱུང་ཐབས་སུ་ཇོ་མོ་གླང་མའི་རི་རྒྱུད་ཁུལ་ནས་ས་འོག་ཕུགས་ལམ་བརྒྱུད་འཛུགས་བསྐྲུན་བྱེད་དགོས་པ་ཆགས་རྒྱུ་ཡིན་ལུགས་བརྗོད་འདུག ལས་གཞི་དེས་བལ་ཡུལ་ཐོག་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བའི་གནད་དོན་རྐྱེན་པས་རྒྱ་གར་ལའང་བློ་འཚབ་བཟོ་ཉེན་ཆགས་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག
རྒྱ་གར་གྱི་Times of Indiaཉིན་རེའི་གསར་ཤོག་གི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་བལ་བོད་ལྕགས་ལམ་གྱི་ལས་འཆར་དེའི་ཕུགས་རྒྱང་དམིགས་ཡུལ་ནི་ ཚོང་འབྲེལ་གྱི་ཐད་ནས་བལ་ཡུལ་བརྒྱུད་དེ་རྒྱ་གར་གྱི་ཁྲོམ་རའི་ཁེ་ཕན་ཐོབ་ཐབས་ཡིན་སྲིད་ཀྱང་འཐབ་ཇུས་ཀྱི་ཐད་ནས་རྒྱ་གར་ས་ཐོག་ཏུ་ཤར་བསྐྱོད་བྱ་རྒྱུ་སྟབས་བདེ་ཆགས་ཀྱི་ཡོད་སྟབས་ལས་གཞི་དེས་རྒྱ་གར་ལ་བློ་འཚབ་སྐྱེ་གཞིའི་གནས་ཚུལ་ཡང་ཡིན་པ་བརྗོད་འདུག གནས་ཚུལ་ནང་གསལ་ལྟར། བལ་བོད་ལྕགས་ལམ་གྱི་ལས་འཆར་འདི་བཞིན་སྔ་ལོ་༢༠༡༤ ལོར་རྒྱ་ནག་ཕྱི་འབྲེལ་ལས་ལྷན་ཁང་གི་འགན་འཛིན་Wang Yiབལ་ཡུལ་དུ་སྐོར་བསྐྱོད་འབྱོར་སྐབས་བལ་ཡུལ་གཞུང་གིས་དེ་ལྟར་འབོད་སྐུལ་ཞུས་པ་ཞིག་ཡིན་ལུགས་དང་། བལ་བོད་ལྕགས་ལམ་གྱི་ལས་འཆར་འདི་༢༠༢༠ལོར་མཇུག་བསྒྲིལ་ཐུབ་རྒྱུ་ཡིན་ལུགས་བཀོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།