བལ་ཡུལ་མའོ་དམར་ཤོག་ཚོཌ་པའི་ཆབ་སྲིད་ནུས་པ་ཉམས་བཞིན།

བལ་ཡུལ་ནང་མའོ་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ནུས་པ་ཉམས་སྟེ་ཉི་མ་ནུབ་ཏུ་འགྲོ་བཞིན་པའི་མཚོན་རྟགས་ཡོད་པ་རེད།

2009.07.21

༄༅༎སྔ་ལོ་ཕྱི་ཟླ་བརྒྱད་པའི་ནང་བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་འགོ་འཁྲིད་པཱར་ཅན་རྡའམ་པུཤི་པ་ཀ་མལ་རྡ་ཧལ་བལ་ཡུལ་གྱི་སྲིད་བློན་དུ་ལངས་སྐབས་དམར་ཤོག་མའོ་ཚོགས་པས་བལ་ཡུལ་ནང་གི་འདས་པའི་ལོ་བཅུའི་རིང་གི་ནང་འཁྲུག་མཇུག་བསྒྲིལ་སྟེ་སྐྱ་རེངས་གསར་པའི་དུས་ཤིག་ཤར་བའི་ཁྱབ་སྒྲགས་ཤུགས་ཆེ་བྱས་ཡོད་པ་རེད།

སྐབས་དེར་མའོའི་ཤུགས་རྐྱེན་གྱི་འོག་བལ་ཡུལ་གྱི་རྒྱལ་རྒྱུད་རིང་ལུགས་མེད་པ་བཟོས་ཟིན་པ་དང་གསར་བརྗེའི་རང་བཞིན་ལྡན་པའི་ཐོག་ནས་བལ་ཡུལ་ནང་བཅོས་བསྒྱུར་བྱ་རྒྱུའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་མཁན་གྱི་འགོ་འཁྲིད་ཅིག་མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་ཡུལ་གྱི་སྲིད་བློན་དུ་འདེམས་བསྐོ་བྱེད་ཐུབ་པ་བྱུང་བ་དེ་ནི་བལ་ཡུལ་ལ་ཧ་ཅང་གཏམ་བཟང་ཞིག་ཡིན་པའི་སྔགས་བརྗོད་བྱ་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་པ་རེད།

འོན་ཀྱང་ད་ཆ་ལོ་གཅིག་ཙམ་ཕྱིན་པའི་རྗེས་མའོ་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ནུས་པ་ཉམས་སྟེ་ཉི་མ་ནུབ་ཏུ་འགྲོ་བཞིན་པའི་མཚོན་རྟགས་ཡོད་པ་དང་བལ་ཡུལ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུའི་འདེངས་ཚོད་དེ་སྔོན་ལྟར་ད་ལྟ་ཡང་ཐག་རིང་པོའི་དམིགས་ཡུལ་དུ་གནས་མུས་ཡིན་པ་རེད།

འདི་ལོའི་འགོ་སྟོད་དུ་མའོ་དམར་ཤོག་ཚོགས་པའི་འགོ་འཁྲིད་པུཤི་པ་ཀ་མལ་རྡ་ཧལ་སྲིད་བློན་ནས་དགོངས་ཞུ་བྱས་རྗེས་ཕྱི་ཟླ་ལྔ་པའི་ནང་བལ་ཡུལ་གྱི་སྲིད་དོན་ཚོགས་པ་འདྲ་མིན་མཉམ་བསྡུས་ཀྱི་གཞུང་ཞིག་གསར་དུ་བཙུག་ཐུབ་པ་བྱུང་ཡོད་པ་རེད།

འོན་ཀྱང་བལ་ཡུལ་གྲོས་ཚོགས་ཀྱི་ནང་འཐུས་མི་མང་ཤོས་ཡོད་མཁན་མའོ་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་མེད་སྟབས་གཞུང་གསར་པར་རྒྱལ་ཁབ་ཀྱི་ནང་ཟ་འབྲུ་དཀོན་དུ་འགྲོ་བཞིན་པ་དང་ལྐོག་ཟའི་བྱ་སྤྱོད་རྒྱ་སྐྱེད་འགྲོ་བཞིན་པ་དེ་བཞིན་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་ཀྱི་དཀའ་ངལ་ཅི་ཆེར་འཕྲད་བཞིན་ཡོད་པ་རེད།

ཟླ་བ་འདིའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་ནང་ཆབ་སྲིད་ཀྱི་བརྟན་ལྷིངས་མེད་པ་དང་སྲུང་སྐྱོབ་ཀྱི་ལས་དོན་ཚགས་ཚུད་མེད་པའི་གནས་སྟངས་ཤིག་གི་འོག་ཁྲིམས་འགལ་བ་ཚོར་དམིགས་བསལ་གོ་སྐབས་ཤིག་ཐོབ་སྟེ་མི་བཙན་འཁྲིད་ལ་སོགས་པ་ཁྲིམས་འགལ་བྱ་སྤྱོད་ཀྱི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་བཞིན་ཆབ་སྲིད་བརྟན་ལྷིངས་མེད་པའི་གནས་སྟངས་འདིའི་འོག་བལ་ཡུལ་དུ་རྒྱུན་དུ་སྲིད་དོན་ཚོགས་པ་མི་འདྲ་བ་མང་པོས་ངོ་རྒོལ་གྱི་ལས་འགུལ་ཆེ་ཆུང་སྣ་ཚོགས་ཤིག་སྤེལ་བའི་རྐྱེན་གྱིས་བལ་ཡུལ་གྱི་མི་སེར་དཀྱུས་མ་ཚོའི་ཆར་ཅན་གྱི་མི་ཚེའི་སྐྱེལ་རྒྱུར་ཡང་དཀའ་ངལ་འཕྲད་བཞིན་ཡོད་པར་མ་ཟད་ཆེ་ས་ནས་ཡུལ་གྱི་དཔལ་འབྱོར་འཛུགས་བསྐྲུན་གྱི་ལས་གཞིར་ཡང་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པ་རེད།

དེར་བརྟེན་གནད་དོན་དབྱེ་ཞིབ་པ་ཚོས་མའོ་དམར་ཤོག་ཚོགས་པ་ཐེ་བའི་སྲིད་དོན་གྱི་ཚོགས་པ་ཆེ་ཁག་ཕན་ཚུན་དབར་གྱི་ཡིད་ཆེས་གོང་འཕེལ་བཏང་སྟེ་རྒྱལ་ཁབ་ལ་ཕན་པའི་ལས་དོན་འགྲུབ་རྒྱུའི་ཆོས་སེམས་གསར་པ་ཞིག་མ་བྱུང་བར་བལ་ཡུལ་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎