མཐོ་སློབ་ཁག་ནང་སློབ་འཇུག་ཇི་ལྟར་བྱ་ཕྱོཊ་ཐད་རྒྱུས་སྟོན་གནང་བ།
བོད་རིཊ་སློབ་ཕྲུག་ཚོས་བོད་མིའི་སྐུ་ཚབ་ཅིག་ཡིན་པའི་བསམ་བློའི་ཐོག་ནས་སློབ་སྦྱོང་ཙམ་མིན་པར་སོ་སོའི་ཀུན་སྤྱོད་ཡག་པོ་གནང་དགོས་བ་གསུང་འདུག
-
2016-04-20 -
-
-
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་མཐོ་སློབ་ཁག་ནང་སློབ་འཇུག་ཇི་ལྟར་བྱ་ཕྱོགས་ཐད་རྒྱུས་སྟོན་ཐེངས་བཅུ་གཅིག་པ་ཚོགས་གནང་འདུག།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་བསྒྲིགས་ཐོག། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་མཐོ་སློབ་ཁག་ནང་སློབ་འཇུག་ཇི་ལྟར་བྱ་ཕྱོགས་ཐད་རྒྱུས་སྟོན་ཐེངས་བཅུ་གཅིག་པ་ཚོགས་གནང་འདུག།
ཕྱི་ཟླ་༤པའི་ཚེས་༢༠ཉིན། ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་གོ་བསྒྲིགས་འོག་འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་ཕྲུག་༥༠་ཙམ་ལ་མཐོ་རིམ་སློབ་གཉེར་ཁང་ནང་སློབ་བཞུགས་བྱ་སྟངས་སྐོར་ཟབ་སྦྱོང་ཚོགས་ཡོད་པ་རེད། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས་ལགས་ཀྱིས་སློབ་ཕྲུག་ཚོར་སྩལ་བའི་གསུང་བཤད་ནང་། ༧གོང་ས་མཆོག་གིས་དུས་རྟག་ཏུ་བཀའ་སློབ་གནང་བཞིན་ཡོད་པ་ལྟར། སློབ་ཕྲུག་རྣམས་ནས་ཡ་རབས་བཟང་སྤྱོད་དང་ལྡན་པ་དང་། བྱམས་བརྩེ་དང་ལྡན་པ། ལྷག་བསམ་སྙིང་སྟོབས་དང་ལྡན་པ། དྲང་བདེན་དང་ལྡན་པ། ཕྱི་ནང་ཤེས་ཡོན་དང་ལྡན་པ་བཅས་དགོངས་པར་བཅངས་དགོས་པ་གསུངས་འདུག
ཤེས་རིག་དྲུང་ཆེ་མཆོག་གིས་མུ་མཐུད་གསུངས་པར། རྒྱ་གར་མཐོ་སློབ་དང་ཕྱི་རྒྱལ་ཁག་གི་མཐོ་སློབ་ཁག་ནང་འགྲིམ་མཁན་བོད་རིགས་སློབ་ཕྲུག་ཚོས། བོད་མིའི་སྐུ་ཚབ་ཅིག་ཡིན་པའི་བསམ་བློའི་ཐོག་ནས་སོ་སོའི་སློབ་སྦྱོང་ཙམ་མིན་པར་ཀུན་སྤྱོད་དང་། མི་ལ་མཐུན་ལམ་བྱེད་སྟངས། བོད་དོན་སྐོར་འགྲེལ་བཤད་རྒྱབ་རྒྱུ་སོགས་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་ཆགས་ཡོད་པ་ནན་བརྗོད་གནང་འདུག ཐེངས་འདིའི་རྒྱུས་སྟོན་སྐབས་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་༼མཐོ་སློབ་ཀྱི་འགྱུར་འགྲོས་སམ། མཐོ་སློབ་སློབ་འཇུག་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་གསུངས་བཤད་དང་། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་༼བཟང་སྤྱོད་ཤེས་ཡོན་དང་བོད་མིའི་ངོ་བོ།༽ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད། ཤེས་རིག་མདུན་ལམ་སློབ་སྟོན་པ་པདྨ་ནོར་སྐྱིད་ལགས་ཀྱིས་༼སློབ་ཡོན་སྐོར།༽ངོ་སྤྲོད། ཤེས་རིག་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་༼ལས་རིགས་སློབ་ཚན་ཁག་གི་སྐོར།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བཅས་གནང་རྒྱུ་ཡིན་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།