རྔ་བ་ནས་འོད་དཀར་སྐྱིད་ཀྱིས་རྒྱ་ནག་ལ་ངོ་རྒོལ་དང་འཇུ་བཟུང་།
2015.08.17
མདོ་སྨད་རྔ་བ་ནས་བུ་མོ་འོད་དཀར་སྐྱིད་ཀྱིས་བོད་ལ་རང་དབང་དགོས་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་རྗེས་འཇུ་བཟུང་བྱས་འདུག
དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་ག་རླུང་འཕྲིན་ཀང་ལ་གནས་ཚུལ་བཏང་བ་ལྟར་ན། ཕྱི་ལོ་༢༠༡༥ ཟླ་༨ཚེས་༡༥ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་གནང་ཡོད་པ་དང་། དེ་མ་ཉིད་དུ་ས་གནས་དེ་གའི་རྒྱ་ནག་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་འདུག་པས་དེ་རྗེས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང་བ་འཁོད་འདུག
གནས་ཚུལ་ལྟར་ན། ད་ལྟའི་ཆར་ཁོ་མོའི་གནས་ཚུལ་གསལ་བོ་མེད་པར་བརྟེན་ས་གནས་བོད་མི་དང་། ནང་མི་ཉེ་འབྲེལ་ཚོས་འོད་དཀར་ལགས་ཀྱི་གནས་སྟངས་ལ་སེམས་ཁྲལ་དང་། སེམས་འཚབ་ཆེན་པོ་གནང་བཞིན་གནས་ཡོད་པ་རེད།
གོང་གི་བུ་མོ་འོད་དཀར་སྐྱིད་ལགས་ནི་རང་ལོ་༢༣ཡས་མས་ཙམ་ཡིན་པ་དང་། ཕ་ཡུལ་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་ཞིང་། ཕ་མིང་ལ་ཀུན་པོ་དང་། མ་མིང་ལ་འཕགས་པ། བཟའ་ཟླའི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད་འདུག
ཁོང་གཉིས་ལ་བུ་ལོ་༤ ཅན་ཞིག་ཡོད་པ་དང་། ཁོང་མོ་ཆུང་ཆུང་སྐབས་ནས་ཕ་མ་དང་མཉམ་དུ་འབྲོག་ལས་བྱས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་འདུག
གསར་འགོད་པ་ཀླུ་འབུམ།