རྒྱ་གཞུང་གིས་བལ་ཡུལ་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་སླད་མཐུན་འགྱུར།

རྒྱ་ནག་གི་གཞུང་ཚབ་ཁང་ནས་བལ་ཡུལ་གཞུང་འཛིན་ཚོགས་པའི་ཚོགས་མི་རྒན་གྲས་དང་ལྷན་དུ་གྲོས་མོལ་བྱ་རྒྱུ་ཡིན་ལུགས་བལ་ཡུལ་གྱི་ཕྱི་འབྲེལ་ལྷན་ཁང་ལ་སྔོན་བརྡ་བྱས་མེད།

བལ་ཡུལ་གནས་སྡོད་རྒྱ་ནག་གཞུང་ཚབ་པས་བལ་པོའི་སྲིད་བློན་དང་མཇལ་མོལ་ཞིག་གི་སྐབས། པར་ཚགས། རྒྱ་ནག་གཞུང་ཚབ་ཀྱི་དྲ་ཚིགས།

བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ལྷན་ཚོགས་གནང་ལ་རན་པའི་སྐབས་དེར་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་ཧའོ་ ཡན་ཆི་ ཡིས་བལ་ཡུལ་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་གྲས་རྣམས་དང་ཐུགས་འཕྲད་གནང་ནས་གཞུང་འཛིན་ཚོགས་པའི་ཚོགས་མི་ནང་ཁུལ་དབང་ཆའི་འཐབ་རྩོད་བྱེད་བཞིན་པར་བློ་འཚབ་ཡོད་པ་དང་། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་འབེན་འཛུགས་བྱས་ནས་ལས་འགུལ་སྤེལ་བཞིན་པར་བལ་ཡུལ་གྱིས་རྒྱ་ནག་ལ་སྲུང་སྐྱོབ་བྱ་དགོས་སྐོར་བཤད་བཞག

དེ་ཡང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཧའོ་ཡིས་ སྲིད་བློན་KP Sharma མཆོག་ཐུགས་འཕྲད་བྱས་ཡོད་པ་དང་། རེས་གཟའ་པ་སངས་ཉིན་བལ་ཡུལ་དམར་ཤོག་ཚོགས་པའི་ཚོགས་གཙོ་Pushpa Kamal Dahal དང་ཚོགས་མི་རྒན་གྲས་Madhav Kumar Nepal་རྣམ་གཉིས་དང་ཐུགས་འཕྲད་གནང་ནས་གཙོ་བོ་བལ་ཡུལ་གྱི་གཞུང་འཛིན་ཆབ་སྲིད་ཚོགས་པའི་ནང་མི་མཐུན་པ་ཡོང་བཞིན་པའི་གནད་དོན་དང་། རྒྱ་ནག་གཞུང་གིས་བལ་ཡུལ་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཐོག་མཐུན་འགྱུར་བྱ་ཕྱོགས། དེ་བཞིན་ཨ་མི་རི་ཀ་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་ངོས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་ངན་འདི་རྒྱ་ནག་གིས་འགན་འཁུར་བྱ་དགོས་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཞིན་པར་བལ་ཡུལ་གྱིས་རྒྱ་ནག་ལ་རྒྱབ་སྐྱོར་གནང་དགོས་པ་སོགས་གནད་དོན་གསུམ་གྱི་ཐོག་གྲོས་མོལ་གནང་ཡོད་ལུགས་ལྷན་ཚོགས་དེ་དང་འབྲེལ་བའི་ཐོག་ཤེས་རྟོགས་ཡོད་པའི་མི་སྣ་ཞིག་གིས་བཤད་བཞག འོན་ཀྱང་རྒྱ་ནག་གི་གཞུང་ཚབ་ཁང་ནས་གཞུང་འཛིན་ཚོགས་པའི་ཚོགས་མི་རྒན་གྲས་དང་ལྷན་དུ་གྲོས་མོལ་གནང་རྒྱུ་ཡིན་ལུགས་བལ་ཡུལ་གྱི་ཕྱི་འབྲེལ་ལྷན་ཁང་ལ་སྔོན་བརྡ་མ་གནང་བ་དང་། ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་མེད་པ་སོགས་ལ་བརྟེན། ཞིབ་གསལ་གྲོས་མོལ་ག་རེ་བྱུང་ཡོད་མེད་གསལ་པོ་མེད་པ་རེད་བཞག གཞུང་ཚབ་ཁང་གིས་ལས་དོན་བྱ་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་བྱས་ན། ལྷན་ཚོགས་དེའི་རིགས་ལ་ཕྱི་འབྲེལ་ལྷན་ཁང་གི་སྐུ་ཚབ་ནས་མཉམ་ཞུགས་གནང་དགོས་ཡོད་ཀྱང་། སྐུ་ཚབ་མེད་པའི་ཐོག་ནས་ལྷན་ཚོགས་གནང་ཡོད་སྟབས། ཞིབ་གསལ་སྐོར་ང་ཚོར་ཤེས་རྟོགས་མེད་ཞེས་མིང་འདོན་གནང་འདོད་མེད་པའི་ཕྱི་འབྲེལ་ལྷན་ཁང་གི་མི་སྣ་ཞིག་གིས་གསུངས་བཞག        གནད་དོན་དབྱེ་ཞིབ་པ་ཚོས་གསུང་ན། རྒྱ་ནག་གིས་བལ་ཡུལ་གྱི་དམར་ཤོག་ཚོགས་པ་དེ་ཆིག་བསྒྲིལ་གནས་པའི་ཐོག་ནས་རྒྱ་གཞུང་གི་གང་ཟེར་ལ་ཉན་མཁན་དགོས་ཀྱི་ཡོད་པ་ལས་བལ་ཡུལ་གཞུང་སུས་སྣེ་འཁྲིད་མ་འཁྲིད་རྒྱ་ནག་ལ་ཁྱད་པར་མེད་པ་འགྲེལ་བརྗོད་གནང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org