བལ་ཡུལ་གྱི་སྲིད་བློན་དགོངས་ཞུ་དགོས་པའི་ཉེན་བརྡ།
2010.05.31
༄༅༎བལ་ཡུལ་གྱི་ཕྱོགས་འགལ་མའོའི་ཚོགས་པས་སྲིད་བློན་དགོངས་ཞུ་གནང་རྒྱུ་དུས་འགྱངས་བྱུང་ཚེ་ཡུལ་གྱི་ནང་དཀའ་ངལ་ཇེ་ཆེར་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།
མའོའི་ཚོགས་པའི་དགོས་འདུན་ལྟར་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་གིས་རེས་གཟའ་སངས་ཀྱི་ཕྱི་དྲོ་གསལ་བཏོན་གནང་སྟེ། སྲིད་བློན་གྱི་མཚན་གནས་ནས་དགོངས་ཞུ་གནང་རྒྱུར་མོས་མཐུན་གནང་ཡོད་པ་དང་ཕྱོགས་མཚུངས་ད་ལྟའི་བལ་ཡུལ་གཞུང་གི་གྲོས་ཚོགས་ལྷན་ཁང་གིས་མུ་མཐུད་དབང་ཆ་བཟུང་རྒྱུའི་དུས་ཚོད་ཕྱི་འགྱངས་གནང་རྒྱུར་འགན་ལེན་དགོས་ལུགས་གསུང་ཡོད་པ་རེད།
སྲིད་བློན་མཆོག་གིས་མཚན་གནས་དགོངས་ཞུ་གནང་རྒྱུའི་དུས་ཚོད་གསལ་ཁ་བཏོན་མེད་པར་བརྟེན་དེར་མའོའི་ཚོགས་པའི་མགྲིན་ཚབ་པ་རྡི་ན་ནཐ་ཤར་མ་ཡིས་གསུངས་ན་ སྲིད་བློན་དགོངས་ཞུ་གནང་རྒྱུའི་ཞལ་བཞེས་གནང་བར་ང་ཚོས་ཡིད་ཆེས་དང་ང་ཚོས་ཀྱང་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་གཞོགས་འདེགས་ཞུ་རྒྱུ་ཡིན་ལུགས་གསུང་ཡོད་པ་རེད།
ཡང་མའོའི་ཚོགས་པའི་འགོ་ཁྲིད་རྒན་གྲས་ཡིན་པ་མོ་ཧན་སྦའེ་རྡི་ཡ་གིས་ཇ་ན་ཇ་ན་རྡི་ཤ་ཞེས་པའི་ཉིན་རེའི་གསར་ཤོག་ཐོག་གསུང་པར་གང་ལྟར་སྲིད་བློན་མཆོག་གིས་དུས་ཡུན་ཉིན་གྲངས་ལྔའི་ནང་ཚུད་མཚན་གནས་དགོངས་ཞུ་ངེས་པར་དུ་གནང་དགོས་པ་དང། གལ་ཏེ་དེ་ལྟར་གནང་མི་ཐུབ་ཚེ་ཡུལ་གྱི་ནང་རྙོག་གཞི་ཆེན་པོ་ལངས་རྒྱུ་ཡིན་པ་གདོན་མི་ཟ་བ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།