བཞུགས་སྒར་རྡ་རམ་ས་ལ་གཙོས་ས་ཕྱོགས་གང་སར་ཆུ་ཡོས་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བཞིན་འདུག
བཞུགས་སྒར་རྡ་རམ་ས་ལ་གཙོས་བོད་མི་གནས་སྡོད་ས་གནས་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་ཆུ་ཡོས་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བཞིན་འདུག
- 2023-02-21
-
-
-
Your browser doesn’t support HTML5 audio
དེ་ཡང་སྤྱི་ཟླ་༢བའི་ཚེས་༢༡བོད་ཟླ་དང་པོའི་ཚེས་༡ཉིན་བཞུགས་སྒར་རྡ་རམ་ས་ལ་གཙོས་བོད་མི་གནས་སྡོད་ས་གནས་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་ཆུ་ཡོས་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བཞིན་པ་དང་། བོད་རྒྱལ་ལོ་༢༡༥༠རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་དུ་བཞད་པའི་ཚེས་གཅིག་གི་སྔ་དྲོར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་དགེ་འདུན་པ་རྣམ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་གཙོས་པའི་མཛད་གཙོ་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་པ་རྣམས་ལྷན་འཛོམས་ཀྱིས། ལོ་གསར་ཚེས་གཅིག་གི་ཚེ་གཏོར་ཆོ་གའི་སྒོ་ནས་གཞུང་འབྲེལ་མཛད་སྒོ་ཚོགས་སོང་།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ། གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུས་བ་དང་སྦྲགས། བོད་ཀྱི་བདེན་མཐའ་མགྱོགས་མྱུར་སེལ་ཐུབ་པའི་རེ་བ་གནང་བཞིན་ཡོད་པ་གསུངས་གནང་སོང་།
དེ་ནས་ཚེས་གཅིག་གི་ཚེ་གཏོར་ཆོ་ག་རྣམས་འགྲུབ་པའི་རྗེས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཚོགས་ཁང་ཆེན་མོའི་ནང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། ༧རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པས་གླུ་གར་གཟིགས་འབུལ་ཞུས་གནང་ཡོད་པ་རེད།
བོད་ཀྱི་ལོ་གསར་ཆེད་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་བཞེངས་རྒྱས་པོ་གནང་འདུག་ལ། བོད་མི་མང་པོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་མཇལ་དུ་བཅར་བཞིན་འདུག
རྒྱ་གར་ལྷོ་ཕྱོགས་སུ་སྦེ་ལ་ཀོ་པི་གཞིས་སྤྱིའི་རྒྱལ་བའི་ཕོ་བྲང་དུ། རྣམ་གྲོལ་གླིང་དགོན་པའི་དགེ་འདུན་པ་ཁག་གཅིག་གིས་འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་མའི་གཏང་རག་ཚེ་གཏོར་གྱི་ཚུལ་དུ་བསངས་དང་གསོལ་ཀ་གསུང་ན་དང་། སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་ཀྱི་ནང་ཡོད་པའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དང་ས་ཁྲིམས་ཞིབ་པ། ས་གནས་འགོ་འཛིན་གྱི་གཙོས་གནད་ཡོད་མི་སྣ་རྣམས་ལྷན་བཞུགས་ཀྱི་ཐོག རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཎྜལ་རྟེན་གསུམ་འདེགས་འབུལ་གནང་བ་དང་། དགེ་བཤེས་རྣམ་པ་གཉིས་ཀྱིས་དཀར་སྤྲོའི་ཚོགས་བཞེངས་གནང་བ་སོགས་ས་གནས་ཀྱི་གཞུང་འབྲེལ་ལོ་སར་སྲུང་བརྩོ་བྱས་ཡོད་པ་རེད།
རྒྱ་གར་ལ་དྭགས་ཕྱོགས་སུ་བསོད་ནམས་གླིང་བཞིས་ཆགས་སུ། ལ་སྤྱི་ལས་ཁུངས་ཀྱི་ངོས་ནས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཚང་འཛོམས་ཀྱིས་ལ་སྤྱི་ལས་ཁུངས་ནས་རུ་ཐོག་ཆོས་ལྡིང་དགོན་པ་དང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སའི་རྒྱལ་བའི་ཕོ་བྲང་དགེ་འཕེལ་གླིང་དུ་བཅས་སུ་མཇལ་ཕྱག་བཅར་བ་སོགས་བྱས་ནས་ལོ་གསར་སྲུང་བརྩི་གནང་ཡོད་པ་རེད།
སྒང་ཏོག་ཕྱོགས་སུ་ས་གནས་འགོ་འཛིན་དབུས་པས་བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པས་ཚོགས་པ་ཁག་གི་སྐུ་ཚབ་བཅས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ལ་ལོ་གསར་འཚམས་འདྲིར་བཅར་སྲོལ་ཡོད་པ་ལྟར། ད་ཐེངས་འཚམས་འདྲིར་བཅར་སྐབས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Shri Prem Singh Tamang)་ལགས་ཀྱིས་མངའ་སྡེའི་གཞུང་དམངས་ཡོངས་ཀྱི་ཚབ་བྱས་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་མི་ཡོངས་ལ་བོད་ཀྱི་ལོ་གསར་ཆེད་འཚམས་འདྲི་ཞུས་གནང་སོང་ལ། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སུ་ཞབས་སོར་འཁོད་རྒྱུ་འབྲས་ལྗོངས་མི་མང་ཡོངས་ནས་རེ་སྒུག་བྱེད་བཞིན་པ་གསུང་ཡོད་པ་རེད།
བོད་ནང་དུ་དམ་དྲག་ཡོད་མིན་ལ་མ་བལྟོས་བར་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་སྒོ་ནས་ལོ་གསར་སྲུང་བརྩི་གནང་བཞིན་པ་དང་། བོད་ཕྱི་ཕྱོགས་སུ་རྒྱ་བལ་འབྲུག་གསུམ་གཙོས་ཨ་རི་དང་། ཡོ་རོབ་སོགས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་ལོ་གསར་སྲུང་བརྩི་གནང་བཞིན་ཡོད་པ་རེད། བོད་ནང་གི་སྲོལ་རྒྱུན་ལྟར། བཙན་བྱོལ་ནང་དུ་ཡང་བོད་མི་ཚོས་ལོ་གསར་ཚེས་པ་༡༥ བར་དུ་སྡེར་ཁ་སྒྲིག་གཤོམ་གནང་གི་ཡོད་ཅིང་། ཚེས་པ་༡༤ཉིན་གར་འཆམ་དང་ཚེས་པ་༡༥ ཉིན་བཅོ་ལྔའི་མཆོད་པ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
སྤྱི་འཐུས་ཚོགས་གཙོ་མཆོག་གི་འཚམས་འདྲི།
བླ་ཆེན་རྣམ་པའི་འཚམས་འདྲི།
གསར་འགོད་པ། ས་གནས་གསར་འགོད་པ་རྣམས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།