ལི་ཐུ་ཝེ་ནི་ཡས་བདེ་འཇགས་ལ་དམིགས་ནས་རྒྱ་ནག་གི་ལག་འཁྱེར་ཁ་པར་མར་གཡུག་རོགས་ཟེར།

2021.09.23
ལི་ཐུ་ཝེ་ནི་ཡས་བདེ་འཇགས་ལ་དམིགས་ནས་རྒྱ་ནག་གི་ལག་འཁྱེར་ཁ་པར་མར་གཡུག་རོགས་ཟེར། རྒྱ་ནག་པེ་ཅིང་གི་(Xiaomi Corp)་ཁ་པར་ཚོང་ཁང་ཞིག་གི་ནང་། ༢༠༡༩
AP

ལི་ཐུ་ཝེ་ནི་ཡའི་གཞུང་གིས་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་ནང་བཟོས་པའི་ལག་འཁྱེར་ཁ་པར་ཉོ་མི་ཉན་པ་དང་ཉོས་ཚར་བ་རྣམས་མར་གཡུག་རོགས་ཞེས་ལམ་སྟོན་གནང་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལི་ཐུ་ཝེ་ནི་ཡའི་(Lithuania)་བདེ་སྲུང་ལས་ཁུངས་ཀྱི་ཆ་འཕྲིན་དྲྭ་འབྲེལ་ཉེན་སྲུང་ཚན་པས་སྙན་ཐོ་བཏོན་པའི་ནང་གསལ་ལྟར། བདེ་སྲུང་བློན་ཆེན་གཞོན་པ་(Margiris Abukevicius)་ལགས་ཀྱིས་གསར་འགོད་པ་ཚོར། རིང་མིན་ལི་ཐུ་ཝེ་ནི་ཡའི་ནང་རྒྱ་ནག་ནང་བཟོས་པའི་ལག་འཁྱེར་ཁ་པར་གསར་པ་ཉོ་མི་ཉན་པ་དང་། ཉོས་ཟིན་པ་དེ་དག་ཀྱང་མེད་པ་བཟོ་དགོས་པའི་ལམ་སྟོན་བྱེད་རྒྱུ་ཡིན་ཞེས་གསུངས་འདུག
གོང་ཞུས་སྙན་ཐོག་དེའི་ནང་། (Xiaomi Corp)་ཞེས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེས་བཟོས་པའི་ལག་ཐོག་ཁ་པར་དེ་དག་ཡོ་རོབ་ནང་འགྲོ་རྒྱུགས་ཆེན་པོ་ཡོད་ནའང་། ཁ་པར་དེ་དག་གི་འཕྲུལ་ཆས་ནང་། གལ་སྲིད། བོད་རང་བཙན་(Free Tibe) ཐེ་ཝན་རང་བཙན་རྒྱལ་གྱུར་ཅིག་(Long Live Taiwan Independence) མང་གཙོའི་ལས་འགུལ་(Democracy movement)་སོགས་ཀྱི་ཚིག་བརྗོད་བེད་སྤྱོད་བྱས་པ་ཡིན་ན་ལམ་སེང་ཤེས་རྟོགས་ཐུབ་པ་དང་བཀག་འགོག་བྱེད་བདེ་ཞིག་བཟོས་ཡོད་དུས། དེ་ནི་སྲུང་སྐྱོབ་ཀྱི་ཆ་ནས་ཀྱང་ཉེན་ཁ་ཡོད་ལུགས་བཀོད་ཡོད་འདུག
ཡང་སྙན་ཐོའི་ནང་། རྒྱ་ནག་གི་ཤའོ་མའེ་བཟོ་ཚོང་ལས་ཁང་གིས་བཟོས་པའི་ཁ་པར་བེད་སྤྱོད་བྱས་ན་དེ་ལི་ཐོ་ཝེ་ནི་ཡ་གཅིག་པུའི་ཉེན་ཁ་མ་ཡིན་པར་དེ་ནི་རྒྱལ་སྤྱིའི་ཡུལ་གྲུ་ཚང་མར་བློ་ཚབས་སྐྱེས་གཞི་ཞིག་རེད་ཅེས་བཀོད་ཡོད་པ་རེད།
གནད་དོན་དེའི་ཐད་རོའུ་ཊར་གསར་ལས་ཁང་གིས་གོང་ཞུས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེར་གནས་ཚུལ་ཇི་ཡིན་འདྲི་རྩད་བྱས་ཀྱང་དམིགས་བསལ་ལན་འདེབས་བྱས་མེད་པ་རེད་འདུག
སྤྱིར་སྟངས་ལི་ཐོ་ཝེ་ནི་ཡ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་དེ་ཉེ་བའི་ཆར་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ལི་ཐོ་ཝེ་ནི་ཡའི་ནང་ཡོད་པའི་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་མིང་འབོད་ཕྱོགས་ཀྱི་ཐོག་ནས་རྒྱ་ནག་ཁོང་ཁྲོ་ལངས་ཏེ་རྒྱ་ནག་ནང་ཡོད་པའི་ལི་ཐོ་ཝེ་ནི་ཡའི་གཞུང་ཚབ་ཕྱིར་འཐེན་དགོས་ལུགས་བཤད་ནས་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་འདས་པའི་བདུན་ཕྲག་ནང་ཨ་རིའི་སྲིད་འཛིན་གྱི་སྲུང་སྐྱོབ་སློབ་སྟོན་པས། ལི་ཐོ་ཝེ་ནི་ཡའི་སྲིད་བློན་ལ་ཁ་པར་བཏང་ནས་བཀའ་མོལ་གནང་སྐབས། རྒྱ་ནག་གིས་གནོན་ཤུགས་སྤྲོད་བཞིན་པར་གདོང་ལེན་བྱེད་ཐབས་སུ་ཨ་རིའི་ངོས་ནས་རྒྱབ་སྐྱོར་ཆ་ཚང་ཡོད་ལུགས་གསུངས་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎